[A:༢༨༠]སོའི་བསྐང་བ་བརྒྱ་རྩ། ཁྲོ་བཅུའི་གཏོར་ཟློག །གཏོར་མ་འབུམ་ཐེར། བརྒྱ་བཞི་དང༌། བ་རི་གཏོར་ཆེན་སོགས་བསྒྲུབས། ཚོགས་སུ་གྲུབ་ཆེན་བརྒྱད་ཅུ་དང༌། སྒྲོལ་མ་ཉེར་གཅིག །བཀའ་གདམས་ལྷ་བཞི་སོགས་ཀྱི་རྗེས་གནང་དང༌། བཀའ་གདམས་ཕ་ཆོས། བུ་ཆོས། རྒྱལ་སྲས་བཀའ་འབུམ་སོགས་ཀྱི་ལུང་བྱས། ཁམས་བོད་ཡོན་བདག་རྣམས་ཀྱི་ཤི་གསོན་ལ་བྱང་བུ་དང་བསྔོ་བ་རུས་ཚ་སོགས་ཁོར་ཡུག་ཏུ་བྱས། ཆོས་སྡེ་ཆེན་པོའི་དུས་དྲན་མཆོད་པ་དང༌། གཏོར་སྤོ་སོགས་སྔར་རྒྱུན་ལྟར་བསྒྲུབས། ༈ མེ་ཡོས་ལོ་གསར་ཚེས་ལ་ཚེ་སྒྲུབ་ཞག་བདུན་མ་ཞིག་བྱས། སྨོན་ལམ་མཇུག་ཏུ་ཁམས་འགྲུལ་པ་ཕྱིར་རྫོང་གི་རབ་བྱུང་བསྙེན་རྫོགས་སྒྲུབ་པ་དང༌། སོ་སོའི་ལན་འདེབས་ལུགས་གཉིས་ཀྱི་བདག་རྐྱེན་བཅས་རྫོང་བདའ་བྱས། འཚོ་མཛད་རྟ་མགྲིན་ཚེ་རིང་གིས་བཅོ་བརྒྱད་དུ་གཡུ་ཐོག་པའི་རྣམ་ཐར་གྲས་ཐང་ཞིག་བྲིས་ན་ལེགས་པར་འདུག་ཅེས་བསྐུལ་བ་ལ་བརྟེན་ནས། གོང་ས་སྐུ་ཞབས་རིན་པོ་ཆེ་ནས་ཞལ་བཀོད་བཀའ་དྲིན་བསྐྱངས་པའི་གཡུ་ཐོག་རྙིང་མའི་རྣམ་ཐར་སྐུ་ཐང་བཞི་ཚར་ཨེམ་ཆི་ལགས་རིན་པོ་ཆེའི་ཕྱག་ནས་དཔེ་གཡར་པོ་ཞུས་པ་དང༌། སྐུ་ཐང་གཅིག་ལ་གྲུབ་པའི་གཡུ་ཐོག་གསར་མའི་རྣམ་ཐར་ཞིག་ཀྱང་བཀོད་པར་བྱས་ཏེ། ཐང་ཁ་ལྔའི་གཙོ་བོ་སྨན་བླ་རིགས་ལྔ་ལ་སྨན་གྱི་གྲོང་ཁྱེར་བལྟ་ན་སྡུག་གི་ཞིང་བཀོད་ལ། གཡུ་ཐོག་གསར་རྙིང་གི་རྣམ་ཐར་གྱིས་བསྐོར་བ་སྤྲུལ་སྐུ་བ་ངག་དབང་ནོར་བུ་ཅན་གསུམ་གྱི་ཡིད་དང་མཐུན་པར་བྱུང་བས་གོང་གཤམས་སོགས་ལེགས་པར་བསྒྲུབས། ཕོག་དང༌། ཞག་བཅོ་ལྔ་རེ་ནས་སྟོན་མོ་དང་སྟེར་སྦྱིན་མཚོན་པ་རེ་བྱས་ཤིང༌། གྲུབ་འཕྲལ་ངེད་རང་དང་ཚོགས་ཆེན་ནས་ཀུན་རིག་སྟོང་རྩ་ཉིན་གསུམ་བཏང་བའི་ཉིན་རེ་བཞིན་རབ་གནས་རྒྱས་པ་