[A:༢༨༡]རེ་དང༌། སྤྲུལ་སྐུ་བ་ཚོར་ཉེན་རེ་ལ་ཡོན་བྲེ་བཅུ་རེའི་རྩིས་ཀྱི་ཇ། གོས་དར་སོགས་འབུལ་བ་རྒྱས་པར་བྱས། འབུལ་སྡུད་བླ་མ་ཁ་ཤས་གྲོངས་པ་དང༌། འབྲེལ་པ་རྣམས་ཀྱི་སྒྲིབ་སྦྱོང་ལ་སེམས་ནས་རྡོ་རྗེ་སེམས་དཔའི་སྐུ་བརྒྱ་སོགས་གསེར་ཐང་བརྒྱད། རིམ་གྲོར་གཟུངས་གྲྭ་ལྔའི་ཐང་ཀ་ལྔ། ལྷ་མོ། །རྣམ་སྲས་ཀྱི་སྐུ་ཐང་རྣམས་བསམ་འགྲུབ་སྒང་ནས་སྤྲུལ་སྐུ་བས་བཞེངས་པར་གོང་གཤམ་སོགས་ལེགས་པར་གྲུབ་ནས། ངེད་རང་དང་ཚོགས་ཆེན་བཅས་ཀྱིས་ཀུན་རིག་ལ་བརྟེན་པའི་རབ་གནས་རྒྱས་པར་བྱས། སྤྲུལ་སྐུ་བར་རྟ་ཇ་སོགས་ཀྱི་ཡོན་མཉེས་པར་ཕུལ། ཕོ་བྲང་ཆེན་པོར་མཇལ་ཁར་ཕྱིན། མཇལ་ཁ་སྟོན་མོ་གནང་སྦྱིན་སོགས་བརྩེ་འཛིན་གནང༌། དགེ་སློང་རིན་པོ་ཆེར་ཆོས་ཁ་ཤས་ཕུལ། ཨེམ་ཆི་ལགས་དང༌། དགེ་སློང་ངག་དབང་དཀོན་མཆོག་གི་གཟིམས་བཤག་ཏུ་བོས་ནས་གསུང་གླེང་དང༌། གནང་སྦྱིན་རྒྱས་པར་མཛད། དགེ་སློང་ངག་དབང་དཀོན་མཆོག་ལ་ཆོས་ཤིག་ཀྱང་ཕུལ། མཆོད་དཔོན་ཆེན་མོས་ཇ་རྒྱུགས་གནང་སྦྱིན་སྩལ། ཕོ་བྲང་དང་ལྷ་སའི་གནས་མཇལ་རྒྱས་པར་ཞུས་ནས་རང་གནས་སུ་བསྐྱོད། གདན་ས་ཆེན་པོ་ནས་སྣེ་གདོང་གི་ལྕམ་ལ་གདུང་མ་ཕེབས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་བསླབ་སྟོན་བཅས་ཕྱག་མཛོད་ལྷ་སར་ཕྱག་དབང་དང་བསྡོངས་ནས་ཕེབ། བཅོ་བརྒྱད་དུ་འབོག་གོང་ལ་བྱོན་པའི་ལྕམ་གྱི་མཆེད་བསྟན་འཛིན་ཟེར་བ་ཞིག་ཡོད་འདུག་པས་དེ་ཁ་ས་སྐྱར་བཞེས་ན་ཇི་ལྟར་ལགས་ཀྱི་སྙན་འབུལ་ཞུས་འདུག་པར། གཞུངས་ནས་དེ་ཁ་ལེགས་པ་འདུག་ཚུལ་གྱི་བསླབ་སྟོན་བཀའ་དྲིན་བསྐྱངས་འདུག་པ་དང༌། ཕྲན་བུར་ཡང་གྲུབ་མཐའ་སོགས་གོང་སྤྱི་ནས་བབས་འབྲེལ་ཤིན་ཏུ་ཆེ་བས་འཕྲལ་འབུལ་དགོས་ཚུལ་གྱི་བཀའ་ཤོག་རིན་པོ་ཆེ་ཕེབ།