R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༨༣
[A:༢༨༣]གསུམ། སྒྲོལ་མ་དང་ཤེར་སྙིང་ཁྲི་ཚར། བ་རི་གཏོར་ཆེན་སོགས་རིམ་གྲོ་མང་ཙམ་བསྒྲུབས་ཤིང༌། ལྷོ་ཁ་དང༌། རྒྱ་མ། མལ་གྲོ། སྐྱེད་ཚལ་སོགས་ནས་གསན་བཞེད་ཀྱིས་ཕེབ་པ་དང༌། ཚོགས་ཆེན་དུ་ལམ་འབྲས་ཀྱི་སྣང་གསུམ་ལུང་དང་བཅས་པ་སློབ་མ་རྗེས་འཛིན་གྱི་བར་གྲུབ་ནས། གྲྭ་པ་རྣམས་སྨོན་ལམ་ཆེན་མོར་བྱོན། ངེད་བསྙེན་པ་ཁ་གསོར་བསྡད། ཚུར་ཕེབ་འཕྲལ་རྒྱུ་དབང༌། ལམ་དབང༌། རྒྱུད་གསུམ་སྨིན་རྒྱས། སོ་སོའི་བྱིན་རླབས། ལུང་རྣམས་དང་བཅས་པ་གོང་མའི་ཕྱག་ལེན་བཞིན་ཕུལ། ༈ ས་འབྲུག་ལོར་ལོ་གསར་རྒྱས་པ་བྱས་ཤིང༌། ལོ་འདིར་ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོ་ནས་བཀའ་ཤོག་རིན་པོ་ཆེ་སྤྱི་བོར་ཕེབ་འབྲས་བཞིན་ལྷུན་གྲུབ་རྫོང་དུ་ངེད་རང་ཚོགས་ཆེན་བཅས་པས་ཕྱིན་པས། ལམ་ཐོག་ནས་ཆུ་རྡོལ་ཤིན་ཏུ་ཆེ་བར་བྱུང་ཞིང༌། རྫོང་དུ་འབྱོར་བསྟུན་དཔལ་ལྡན་དགྱེས་མཛད་རྡོ་རྗེའི་སྒོ་ནས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་འདུག་པའི་ཞབས་ཕྱི་ཟླ་བ་གཅིག་ཞུས་པར། དགོས་ཆ་ཕོག་སོགས་ཤིན་ཏུ་རྒྱས་པ་བཀའ་དྲིན་བསྐྱངས། འདི་སྐབས་ཆོས་སྐྱོང་རྣམས་ཀྱི་བསྐང་བའི་དུས་ནུབ་གཅིག་བཙན་སྐྱ་རྡོ་རྗེ་འབར་བའི་སྤྲུལ་པ་སྤྲགས་བཙན་ཉིད་ཐོག་མར་འོད་ཤིན་ཏུ་ཆེ་བས་ནང་ཐམས་ཅད་ཁེངས་པ་དང༌། དེ་རྗེས་སྐུ་དངོས་སུ་མཐོང་བར་ཆིབས་རག་དཀར་ལ་གསེར་ཆས་སྤྲས་པ། དར་དཀར་གྱི་ན་བཟའ་གསོལ་བ། གཟི་བརྗིད་དང་ལྡན་པ་ཞིག་མཐོང་བར། ངེད་ཀྱི་དཔུང་པ་གཡས་པའི་སྟེང་ནས་ཐོག་མར་དྲེའུ་དང༌། དེ་རྗེས་དཔལ་ལྡན་ལྷ་མོ་ཉིད་ཀྱི་སྐུ་གཟི་བརྗིད་དང་ལྡན་པ་ཞིག་བྱུང་བ། ལྷ་མོའི་སྐུ་དེ་ཇེ་ཆེ་ལ་སོང་བར་ཞང་ལྷ་ཉིད་ཇེ་ཆུང་ལ་སོང་བས་མཐར་ཡལ་བའི་སྣང་བ་ཞིག་བྱུང་བར། སྤྲགས་བཙན་འདི་ཞང་