[A:༢༨༤]ལྷར་སོང་བས་བརྩེ་བའི་ཚུལ་གྱིས་བྱོན་པར་བར་ཆད་བྱུང་དོགས་ལྷ་མོ་ཉིད་ཕེབ་པར་སེམས། འདི་དུས་རྨི་ལམ་དུ་གོང་ས་སྐྱབས་མགོན་ཆེན་པོ་ཉིད་དང་མཇལ་བར། ཞབས་ཕྱི་བན་གཟུགས་ཤིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འཕྲོ་བ་ཞིག་སྤྲད་དེ། འདི་ཁྱོད་ལ་གནང་བ་ཡིན་འདུག་ཟེར་ཞིང༌། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ཉིད་དགྱེས་པའི་ཚུལ་གྱིས་བསླབ་སྟོན་མང་པོ་གནང་བ་ཞིག་གསལ་བར་དམིགས། མེ་ཕྲ་ཤིན་ཏུ་ལེགས་པ་དང་བཅས་རྒྱུད་སྡེ་ནས་ཇི་ལྟར་གསུངས་པ་བཞིན་སྦྱིན་སྲེག་མཚན་ཉིད་དང་ལྡན་པ་ལེགས་པར་གྲུབ་ནས། རྫོང་བཞུགས་ཀྱི་སྐུ་རིམ་དུ་སྒེར་ནས་དགོས་ཆ་གནང་སྟེ། སྦྱིན་སྲེག་ཀྱང་ཐུགས་བཞེད་ལྟར་བསྒྲུབས། དེ་ཞོར་སྤྲས་ནང་གི་ཡོན་བདག་རྣམས་ཀྱི་བྱང་བུ། ཚེ་དབང༌། དབང༌། རྗེས་གནང༌། བསྔོ་སྨོན་དགོས་པ་རྣམས་ཀྱང་འདོད་སྦྱར་ཆོས་འབྲེལ་དང༌། འཁོར་གསུམ་ཡོངས་དག་གི་དམིགས་མེད་བསྔོ་སྨོན་གྱི་རྒྱས་འདེབས་སོགས་བྱས་ནས། སྦྱིན་སྲེག་གྲུབ་པར་གནང་སྦྱིན་སོགས་རྒྱས་པར་བཀའ་དྲིན་བསྐྱངས་ངོས་རང་གི་བསྟི་གནས་སུ་འཁོར་འཕྲལ། ཕོ་བྲང་ཆེན་པོར་མཇལ་ཁར་ཞུ་བར་ཕྱིན་སྐབས། ས་དབང་ཆེན་པོའི་སྐུ་ཞབས་སུ་སྦྱིན་སྲེག་མེ་པྲ་སོགས་ལེགས་ཚུལ་སྙན་འབུལ་ངོས་ཀྱིས་ཞིབ་པར་ཞུས། ཟུར་གསོས་དང་གནང་སྦྱིན་རྒྱས་པར་སྩལ་ཏེ་ཕྱིར་འོང༌། སྐབས་ཤིག་རྨི་ལམ་དུ་ནུབ་བྱང་མཚམས་ཀྱི་ནམ་མཁའ་འཇའ་སྤྲིན་གྱིས་ཁེབས་པའི་གསེབ་ནས་རྟ་པ་ཤིན་ཏུ་མང་བ་ཆས་སོགས་རྒྱས་པ་དང༌། གཙོ་བོ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆས་མིག་གིས་མཐོང་བའི་ཚེ་ཡིད་འགུལ་ནུས་པ་ཞིག་འདུག་པ་རིམ་གྱིས་བར་སྣང་ནས་ཤར་ཕྱོགས་ནམ་མཁའ་བསྐོར་ཏེ་ལྷོ་ཕྱོགས་སུ་ཕེབ་དུས་གཙོ་བོ་དེ་རྫོགས་པའི་སངས་རྒྱས་དང༌།