R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༨༨
[A:༢༨༨]གཙོས་སྟེར་ཆ་གཟབས་པར་བྱས། ཚེ་དབང་གྲུབ་རྒྱལ་མ་དང༌། རྟ་མགྲིན་དབྱུ་གཏོ་ཅན། སེང་གདོང་མ། རི་ཁྲོད་མ་སོགས་ཀྱི་རྗེས་གནང༌། བྱང་བུ། བསྔོ་སྨོན། བསྙེན་གནས་ཀྱི་སྡོམ་པ། སྐྱབས་སྡོམ། སྤྱན་རས་གཟིགས་ཀྱི་བཟླས་ལུང་དང༌། བྱིན་རྟེན་སོགས་ཀྱིས་མགུ་བར་བྱས། དེ་ནས་འབྲོམ་མཚོ་ཁར་ནོར་བུའི་སྡེར་ཚ་བ་བླ་མ་བསོད་ནམས་ལྷུན་གྲུབ་ཡོན་མཆོད་ཀྱིས་འོང་དགོས་ཚུལ་བྱུང་བ་ལྟར་ཕྱིན། རྟ་བསུ་བ་མང་ཙམ་བྱུང་ཞིང༌། སྡེ་ཐོག་ཏུ་འབྱོར་ནས་གཞིས་ལེན་བསྙེན་བཀུར་རྒྱས་པར་བྱས། ཆོ་ག་དང༌། སྦྲ། ནོར་ལུགས་སོགས་ལ་ཤིས་བརྗོད་དང་མེ་ཏོག་གཏོར། ཐང་སྐུ་དང་ཆོས་བྲིས་པ་རྣམས་ལ་རབ་གནས། བསྔོ་སྨོན་གྱི་རྒྱས་འདེབས་འདོད་སྦྱར་དང༌། སྤྱན་རས་གཟིགས། ཕྱག་རྡོར་གོས་སྔོན་ཅན། འཇམ་དཔལ་རྡོ་རྗེའི་རྗེས་གནང༌། གྲུབ་ཐོབ་ཚེ་དབང༌། མ་ཎིའི་ལུང༌། འཕོ་ལུང༌། བསྔོ་སྨོན་རྣམས་བློ་དང་མཐུན་པར་བྱས། མཛོ། མཛོ་མོ། འབྲི། ཁལ་མང་བ། མེ་མདའ། མར་སོགས་དངོས་པོ་དཔངས་མཐོ་བར་བྱུང༌། །སྔགས་མདུད། བྱིན་རྟེན་སོགས་གང་ལེགས་སྤྲད། དེ་ནས་རིམ་གྱིས་རླ་དབར་གསང་དུ་འབྱོར། དེར་གནས་ཀྱི་ཨོ་ཐོག །གེ་མོ། ཧོར་གྱི་སྡེ་རྣམས་དང༌། སྦྲ་ཆུང་ལྷ་རྗེ་སོགས་ཀྱིས་བསྙེན་བཀུར་དང༌། རྟ་ནོར་བཞི་ཅུ་སྐོར་བྱིན། ན་དམར་ཆེ་བ་བརྒྱུད་དཀར་མོ་ཁུགས་སུ་འབྱོར་པའི་ལམ་བར་གྱི་སྡེ་རྣམས་ཀྱིས་རྟ་ནོར་གྱི་སྟེར་སྦྱིན་དུ་མ་བྱུང༌། བསྔོ་སྨོན་བཀའ་བསྒོ། ནས་འཐོར་སོགས་འདོད་མཐུན་དང་སྟེར་སྦྱིན་བྱས། དེ་ནས་ལམ་ཐོག་བླ་མ་སྤྲུས་སྐུ་རང་གིས་དབུས་གྲྭ་པ་དང༌། ཡོན་བདག་ལྔ་བཅུ་སྐོར་གྱི་རྟ་བསུ་བ་འབྱོར། ཐབ་བསུ་དང་གུང་ཚིགས་དྲངས། རིམ་གྱིས་སྒར་ཐོག་ཏུ་འབྱོར། ཞག་ལྔའི་རིང་