R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༨༧
[A:༢༨༧]མཆོད་པས་མཆོད། །དེ་ཚེ་ལྷ་ཆེན་ཡབ་ཡུམ་དགྱེས་པའི་བརྡར། །ནམ་མཁའ་དྭངས་ཤིང་མཚོ་རླབས་གུར་ལྟར་ཕུབ། །རྒྱུས་མེད་ལོག་པའི་ལམ་ལ་ཆས་པའི་ཚེ། །མངོན་སུམ་མ་ནོར་ལན་སྟོན་ངོ་མཚར་རྨད། །རིམ་གྱིས་བྱང་ཕྱོགས་ཡངས་པའི་ཡུལ་དུ་ཕྱིན། །དད་སྟོབས་འབྱོར་ལྡན་རྣམས་ཀྱིས་བཀུར་སྟིས་མཆོད། །རྟ་ནོར་མར་སོགས་དངོས་པོའི་ལོངས་སྤྱོད་འདིས། །ངལ་བསོས་རྒྱལ་པོའི་ཁེངས་པ་ཕྲོགས་ཀྱིས་དོགས། །དེ་ནས་དྲེད་ཆུ་བརྒལ་ཏེ་ཕྱིན། །གསེར་མཚོའི་འགྲམ་ནས་རིམ་གྱིས་གནམ་རུ་བ་དང༌། བྱ་རིགས་རྣམས་ཀྱི་སོ་སོར་བོས་ནས་བསྙེན་བཀུར་བྱུང༌། དབང་དང་བསྔོ་སྨོན་གྱི་རྒྱས་འདེབས་སོགས་འདོད་སྦྱར་བྱས། སན་ཆུང་ནས་འབུལ་དཔོན་བླ་མ་བསམ་འཕེལ་གྱིས་མགྱོགས་བསྐུལ་གྱི་བསུ་མི་འབྱོར། རིམ་གྱིས་སན་ཆེན་དུ་སྨན་རལ་པའི་རུ་བར་འབྱོར། སྟོན་མོ་སྟེར་ཆ་གཟབས་པར་བྱས། དེ་སྐོར་གྱི་ཡོན་བདག་ཚང་མར་དབང་དང༌། བྱང་བུ། བསྔོ་སྨོན་སོགས་ལ་ཚོགས་ཏེ་ཅི་ནུས་ཀྱི་དངོས་པོ་དཔངས་མཐོ་བར་བྱུང༌། ལུགས་གཉིས་ཀྱིས་སོ་སོའི་རེ་བ་བསྐངས། འབུལ་དཔོན་གྱི་སྒར་ནས་རྟ་བསུ་བ་མང་ཙམ་བྱུང༌། སྒར་ཐོག་ཏུ་འབྱོར་ནས་སྟོན་མོ་སོགས་ལེགས་ཤིང༌། ཆོ་ཧོར་གྱི་སྡེ་རྣམས་ཚོགས་པར་ཚེ་དབང༌། ཕྱག་རྡོར། རི་ཁྲོད་ལོ་མ་གྱོན་མ་སོགས་ཀྱི་རྗེས་གནང༌། བསྙེན་གནས་དང་མ་ཎིའི་ལུང༌། བྱང་བུ་བསྔོ་སྨོན་སོགས་ཀྱིས་བློའི་རེ་བ་བསྐངས། འབུལ་དཔོན་དང་ཡོན་བདག་སྦྲ་ཆེན་གྱིས་རྟ་ནོར་དྲུག་ཅུ་སྐོར་བྱིན། ཚེ་དབང་ལྕགས་སྡོང་མ། རྗེས་གནང་ཁ་ཤས་དང༌། བྱང་བུ། བསྔོ་སྨོན། བྱིན་རྟེན་གྱིས་ཚིམ་པར་བྱས། དེ་ནས་བར་རིངས་ཀྱི་སྡེར་སླེབས། ཚང་མས་རྟ་ནོར་གྱིས་