[A:༢༨༩]བསྙེན་བཀུར་ཤིན་ཏུ་རྒྱས་པར་བྱུང་ཞིང༌། དེ་སྐོར་གྱི་གྲྭ་རིགས་ཧོར་སོགས་ཡོན་བདག་ཕོ་མོ་མང་བར་ཚོགས། བྱང་གཏེར་གྱི་ཚེ་དབང༌། གྲུབ་ཐོབ་ཚེ་དབང༌། ཀུན་རིག་དང༌། ཚེ་དཔག་ལྷ་དགུ །སྨན་བླ། གུར་ལྷ་བརྒྱད། རྣམ་སྲས་སེར་ཆེན། ཁྱུང་ཁྲ་ནག །སེང་གདོང་མ་སོགས་དབང་དང་རྗེས་གནང་མང་བ་དང༌། ཆོ་གའི་ཐོག་ཡོན་བདག་ཤི་གསོན་གྱི་བྱང་བུ། རུས་ཚྭ། བསྙེན་གནས། སྐྱབས་སྡོམ། མ་ཎིའི་ལུང་དང༌། སྐྲ་ཕུད་ལེན་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སོགས་མང་བ་ཞིག་བྱས། ཉིན་ལྟར་དད་གུས་ཀྱིས་ཁྲོམ་ཆེ་བར་ཚོགས་ཤིང༌། ཕྱག་དང༌། བསྐོར་བ། སྨོན་ལམ་གྱི་འུར་སྒྲས་ཡིད་འགུལ་བར་གྱུར། བླ་མ་སྐུ་སྐྱེས་རྟ་སུམ་ཅུ་སོ་ལྔ། ནོར་ལྔ་བཅུ་སྐོར། མར་སོགས་དངོས་པོ་གྱ་ནོམ་པ། དེ་སྐོར་ཡོན་བདག་རྣམས་ཀྱིས་རྟ་སུམ་ཅུ་ལྷག་ཙམ་དང༌། མཛོ། མཛོ་མོ། འབྲི། གཡག་སོགས་ནོར་བརྒྱ་སྐོར་གྱི་སྟེར་སྦྱིན་བྱུང་བར་བླངས། ཕྱག་མདུད། བྱིན་རྟེན་སོ་སོའི་བློ་དང་མཐུན་པར་བྱས། སྤྲུལ་སྐུ་དཔོན་སློབ་རྣམས་ཀྱིས་ལ་ཐོག་བར་སྐྱེལ་མར་བྱོན། སྲུང་མདུད་དང་གང་ཅིར་ངག་བཀོད་བྱས་ཏེ་དཀར་མོ་ཁུགས་སུ་འབྱོར། དེ་སྐོར་འབྲོག་རིགས་རྣམས་ཀྱིས་རྙེད་བཀུར་དང་འབུལ་ནོད་མང་བར་བྱས་ཤིང༌། དབང་དང༌། བསྔོ་སྨོན། བྱིན་རྟེན། སྟེར་སྦྱིན་བློ་དང་འཚམས་པར་བྱས། རིམ་གྱིས་རྨ་བྱ་ཁུགས་སུ་འབྱོར། ཡས་མས་ཀྱི་ཧོར་རྣམས་དང༌། འབུལ་སྡུད་བླ་མ་བསྟན་འཛིན་གྲགས་པ། ཧོར་གྱི་སྡེ་བླ་རྫ་རད་སྐུ་སྐྱེ་རྗེས་སྙེགས་སུ་འཕྲད་པར་བྱུང༌། ཚང་མས་རྟ་ནོར། མར་སོགས་དངོས་པོ་ཕྱུར་བུར་དུ་སྤུངས། ཕྱག་རྡོར་གཏུམ་པོ་དང༌། སོར་འབྲང་གི་རྗེས་གནང༌། བྱང་བུ། བསྔོ་སྨོན། བསྙེན་གནས། སྐྱབས་སྡོམ། ལུང་སོགས་འདོད་ཆོས་དང༌།