[A:༢༩༠] སྔགས་མདུད། བྱིན་རྟེན། སྟེར་ཆ་སོགས་ལུགས་གཉིས་ཀྱིས་བཞེད་པ་བསྐངས། ལམ་དུ་ཞུགས་ནས་ན་དམར་ཆུང་བར་འབྱོར། དགེ་སློང་བསམ་འགྲུབ་རྒྱ་མཚོ་སོགས་ཨོ་ཐོག་ཤོག་དྲུག་གི་རུ་བ་ཕར་ཆེར་འཕྲད་པར་འབྱོར། ཞག་གཉིས་སྡོད་རིང་སོ་སོའི་བློ་དང་འཚམས་པའི་ཚེ་དབང་གྲུབ་རྒྱལ་མ། གཟུངས་གྲྭ་ལྔ། བཀའ་གདམས་ལྷ་བཞི། རྟ་མགྲིན་ལྕགས་རལ་ཅན་རྣམས་ཀྱི་རྗེས་གནང་དང༌། བྱང་བུ། རུས་ཚྭ། སྐྲ་ཕུད། བསྙེན་གནས་ཀྱི་ལུང༌། དགེ་རྩ་ཆོས་དབྱིངས་སུ་བསྔོ་བ་སོགས་བྱས་ཤིང༌། ཚང་མ་དད་གུས་ཀྱི་གདུང་ཤུགས་ཀྱིས་སྨོན་ལམ་དང་གསོལ་འདེབས་ཀྱི་སྒྲ་འུར་དིར་སྒྲོག་ཅིང༌། ཕྱག་དང་བསྐོར་བས་ལམ་བྱང་བར་གྱུར། མར་ཐུད་སོགས་ཀྱི་སྟོན་མོ་དབྱར་མཚོ་ལྟར་ཆལ་ཆིལ་དུ་གྱུར་ཅིང༌། རྟ་བཞི་བཅུ་སྐོར་དང༌། མཛོ། མཛོ་མོ། འབྲི། གཡག་སོགས་ཉིས་བརྒྱ་སྐོར་བྱིན། མདུད་པ། བྱིན་རྟེན་སོགས་ཀྱི་སྟེར་ཆ་བློ་དང་མཚམས་པར་བྱས། དེ་ནས་རིམ་གྱིས་ཕྱིན། མཚོ་སྐྱའི་འགྲམ་དུ་བསྡད་སྐབས། བླ་བྲང་བླ་མས་གཙོས་ཆེ་ཆེན་དབོན་པོའི་སྡེ་རྣམས་འཕྲད་པར་འབྱོར་ཞིང་སོ་སོས་སྟེར་ཆ་གཟབས་པར་བྱས། འདོད་སྦྱར་གྱི་དབང་དང༌། བྱང་བུ། བསྔོ་སྨོན་སོགས་གང་རྒྱས། བྱིན་རྟེན། སྟེར་སྦྱིན་སོགས་ལེགས་པར་བྱས། གསོལ་འདེབས་དང་སྨོན་ལམ་བྱེད་བཞིན་པའི་ངང་ནས་རིམ་གྱིས་བསྐྱོད་དེ་སེ་ཏེར་འབྱོར། སྦྱར་ཁོ་ཆེའི་སྡེ་དང༌། འབྲོང་པ་རྣམས་ཀྱིས་སྟོན་མོ་དང༌། རྟ་ནོར་སུམ་ཅུ་སྐོར་བྱིན། དབང༌། བྱང་བུ། རུས་ཚྭ། བསྔོ་སྨོན་རྣམས་གང་ལེགས་དང༌། བྱིན་རྟེན། སྟེར་སྦྱིན་འཚམས་པར་བྱས། ལ་རྒན་བརྒྱུད་འོང་སྐབས་འདམ་ནས་ད་རྒན་ཆོས་རྗེའི་གྲྭ་རིགས་རྣམས་ཀྱིས་འོང་དགོས་ཚུལ་བྱུང་བས་དྲེད་ཀྱི་མདོར་འབྱོར། ཞག་བཞི་བསྡད། དགེ་ལུགས་ཀྱི་གྲྭ་རིགས་དང༌།