[A:༡༢༧] ཆུ་བྱ་ལོ་ཟླ་བ་དང་པོ་ཚེས་གཅིག་གི་ནམ་ལངས་པ། རེས་གཟའ་ལྷའི་བླ་མ་དང་རྒྱུ་སྐར་རྒྱལ་འཛོམ་པའི་འགྲུབ་སྦྱོར་བཟང་པོའི་ཐོག་ཨ་ཞེས་པའི་སྒྲ་དང་བཅས་ཏེ་ཁོ་བོ་བཙས་ཤིང༌། བཙས་མ་ཐག་གོང་མ་ཆོས་ཀྱི་སྤྱན་ལྡན་གྱིས་བྱིན་རླབས་བཀའ་བསྒོ་དང༌། རིམ་གྱིས་ཚེ་དབང༌། ཕྱག་རྡོར། རྟ་མགྲིན་སོགས་ཀྱི་བཀའ་དབང་བྱིན་རླབས་མང་དུ་གནང་ཞིང་དགེ་བསྙེན་གྱི་སྡོམ་པ་སྩལ་ཏེ། མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་མཚན་གྱི་ཐོག་མ་དེ་བཏགས་ནས་ལེགས་པར་འདུག་གསུངས་ནས་མིང་ངག་དབང་རྒྱལ་མཚན་དུ་འདོགས་པ་གནང་ཞིང་དགྱེས་དགྱེས་མཛད། འདི་ལོ་ཆོས་གཞིས་དུད་བཞི་བཅུ་སྐོར་གྱི་སར་བུ་བཅུ་བཞི་སྐྱེས་པ་དང༌། ལོ་ལེགས་པ། རྫིང་གི་ཆུ་ཆེ་བ་སོགས་བྱུང་འདུག་པས་ཚང་མས་སྐུ་བསོད་ཆེ་བ་ཞིག་འོང་འདྲ་གླེང་བ་བྱུང་འདུག་ཅིང༌། བྱིས་པའི་དུས་འཚེ་བ་ཉུང་ཞིང་སྐྱེད་ཆེ་བ། སོ་རྩེ་གསུམ་དུ་ཡོད་པ། ལྕེ་ལ་ཨས་མཚན་པ། མཐོང་ན་ཀུན་གྱི་ཡིད་དགའ་བ་ཞིག་ཡོད་འདུག་ཅིང༌། ཆེར་ལོངས་པ་ན་སྟན་ཐོག་དུ་བསྡད་ནས་ཐུགས་དམ་བྱེད་ཁུལ་དང༌། རྔ་རོལ་ལ་དགའ་བ། ཆོས་དང་མཐུན་པའི་སྤྱོད་ལམ་ལ་འཇུག་པ་ཞིག་ཡོད་འདུག་གཤིས། གྲོགས་རྣམས་ཀྱིས་འདི་དཔོན་སློབ་སངས་རྒྱས་རིན་ཆེན་གྱི་སྐུ་སྐྱེ་ཡིན་ངེས་སུ་འདུག་ཟེར། ཡབ་ཡུམ་གྱི་འཕྲལ་གྱི་ཀུན་སྤྱོད་དང༌། སྐུ་བསྟོད་ཀྱི་རིམ་པ། སྨོན་ལམ་རྣམ་གསུམ་སོགས་དང༌། ཀློག་སློབ་པ་མཛད། ལོ་དྲུག་ལོན་པ་ན་ཡབ་རྗེ་སྦས་པའི་རྣལ་འབྱོར་སྐུ་ལྟེམ་ནས་བསྙུན་གཡོག་དང༌། བདུན་ལོན་པ་ན་ཡབ་གཞན་དོན་དུ་གཤེགས་པར་བསྔོ་བ་ཞུ་བ་སོགས་མཆོད་འབུལ་གྱི་ཚུལ་བྱས། ས་ཡོས་ལོའི་དགུན་གོང་མ་ཆོས་