R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༢༨
[A:༡༢༨]ཀྱི་སྤྱན་ལྡན་ཁུ་དབོན་གྱིས་སློབ་གཉེར་དུ་དགོན་པར་འོང་དགོས་ཚུལ་གནང་བ་བཞིན། བྱམས་མགོན་གཉིས་པ་རོང་སྟོན་ཐམས་ཅད་མཁྱེན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཤྲཱི་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཆོས་གྲྭ་འོངས་པས། ལ་ཆུང་ནས་དགོན་གནས་མཐོང་བ་ན་ཐུབ་པའི་དབང་པོའི་གཞལ་མེད་ཁང་མཐོང་བ་ལྟར་ས་དང་པོའི་དགའ་བ་ཐོབ། རིམ་གྱིས་བླ་བྲང་ལྕང་ལོ་ཅན་དུ་སླེབས་ནས་མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་དུས་ཆེན་དང་འགྲིགས་པས་གོང་མ་ཆོས་ཀྱི་སྤྱན་ལྡན་ཁུ་དབོན་ཚོམས་ཆེན་དུ་བཞུགས་ཁྲིར་ཕེབ་ནས་ཚང་མར་བཞུགས་གྲལ་དང་སྟོན་མོ་གནང་བའི་གྲལ་གྱི་མགོར། ངེད་རང་ལ་སྟན་མཐོ་བ་དང་སྟོན་མོ་ཟབ་རྒྱས་བཅས་རྟེན་འབྲེལ་དུ་སྩལ་ཞིང༌། དེ་ནས་བཟུང་གཟིམས་ཆུང་སྟེང་ཤོད་དུ་ཉིན་མཚན་ཁོར་ཡུག་ཏུ་བཞག་ནས། ཕྱི་དྲོ་མང་མའི་ནང་དུ་གུང་སོང་ལ་རིབ་ཙམ་ལས་ཆོས་སྤྱོད་ཀྱི་རིམ་པ་དཀྱིལ་ཆོག་སྐོང་བ་སོགས་ཀྱི་དཔེ་ཆ་དང༌། ཕྱག་བཞེས་ཀྱི་སྐོར་ལ་འཇུར་སྐག་ཆེ་བ་གནང་བས། ཉིན་རེར་དཔེ་ཆ་མདའ་ཚད་ལྔ་དྲུག་རེ་རྒྱུག་ཕུལ་ཞིང༌། ཕྱིས་ཤོག་བུ་བཅུ་ལྷག་རེ་ཟིན་པ་བྱུང་བས་ཤེས་རབ་ཆེ་བའི་གྲགས་པ་བྱུང༌། ནུབ་མོ་གཉིད་དུ་མ་སོང་ཙམ་གྱི་སྐབས་ནམ་མཁའ་ན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱིས་གར་མཛད་པ། སྔས་ཀྱི་གཡས་གཡོན་དུ་རུ་འདྲེན་སྡེ་བཞིས་འཆམ་བྱེད་པ། དཔལ་ལྡན་ལྷ་མོའི་དྲེལ་རྟ་གྭ་དམར་གྱིས་རྡུལ་ཕྱུར་ཕྱུར་རྒྱུག་པ། དཔལ་མགོན་གྱིས་མི་རྐང་གི་གླིང་བུ་དགོང་རེ་བཞིན་གཏང་བ་ཞིག་བྱུང་བ་ཅུང་ཟད་འཇིགས་ནས་རྗེ་དབོན་རིན་པོ་ཆེར་ཞུས་པས། ངེད་རང་གོང་མའི་སྐུ་ཞབས་སུ་ཁྲིད་འདི་ལ་གནོད་པ་ཞིག་ཡིན་ནམ། དགོང་རེ་མཐོང་སྣང་སོགས་