R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༢༦
[A:༡༢༦]ཐུན་བརྡེག་ཅིང༌། དྲག་སྔགས་དང་རོལ་མོའི་སྒྲ་བསྒྲགས་པ་ཙམ་གྱིས་འབྱུང་པོ་གཞན་དུ་ཡུལ་འབུད་ནུས་པ། སྐུ་གསུང་ཐུགས་རྟེན་ལ་རབ་གནས་མཛད་པའི་ཚེ་ཕྱག་ནས་དངོས་སུ་ཆགས་པ་སོགས་ཡ་མཚན་གྱི་རྟགས་དུ་མ་དང་ལྡན་པའི་སྐུ་ཞང་འཇམ་དབྱངས་དབང་པོ་དང༌། ཡུམ་ཁྲི་དཔོན་ཕོད་མདོ་བའི་བློན་པོའི་རིགས་དཔལ་སྟག་ལུང་པ་ཆེན་པོའི་ཕྱག་མཛོད་ཀྱི་བརྒྱུད་པ་དཔོན་ཆེན་ཕྲེང་སྟག་པའི་སྲས་མོ། །དཀོན་མཆོག་ལ་གུས་ཤིང་ཡིད་གཞུང་པ་གུ་རུ་སྒྲོལ་མ་གཉིས་ཀྱི་ཁྱེའུར་གྱུར་པ་ཞིག་ཡིན་འདུག་ཅིང༌། དེའང་གང་ལས་འཕོས་ཀྱང་སྐྱེ་བ་ཞིག་ཡིན་པ་ལས་འོས་མ་འདས་ཀྱང༌། གསུང་རྒྱུན་སོགས་ལས། ཁུ་བོ་ཆོས་ཀྱི་སྤྱན་ལྡན་གྱི་དབུ་བླ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་དངོས་སློབ། །སྔགས་འཆང་སངས་རྒྱས་རིན་ཆེན་གཟིམས་ཁང་གོང་དུ་སྒྲུབ་པ་ལ་བཞུགས་པའི་དུས་ཤིག །ཡབ་རྗེ་འཇམ་དབྱངས་དབང་པོ་ཉིད་ཀྱི་བྱོན་པས་སྟན་ལས་བཞེངས་ཏེ་སྤྱན་ཧུར་གྱིས་གཟིགས་ནས། མདང་རྨི་ལམ་དུ་བུད་མེད་སྨུག་མོ་ཞིག་བྱུང་ནས། ཁྱོད་དག་པ་མཁའ་སྤྱོད་དུ་འགྲོའམ། བཅོ་བརྒྱད་ཀྱི་དབོན་བརྒྱུད་བྱེད་དྲེ་བ་བྱུང་བས། དེ་རིང་ཁྱོད་འདིར་བྱོན་པ་འདི་རྟེན་འབྲེལ་ལེགས་བྱུང་གསུང་དགེས་དགེས་དུ་མ་མཛད་ཅིང་ཞི་བར་གཤེགས་ནས་རིང་པོར་མ་ལོན་པར་ཡུམ་ལ་ཁྱེའུ་ཡོད་པའི་རྟགས་མཚན་དུ་གྱུར། ཁོག་ཏུ་ཡོད་པའི་ཚེ་ཞང་པོ་ལགས་ཀྱིས། གོང་མ་ཆོས་ཀྱི་སྤྱན་ལྡན་ལ་བརྟག་པ་ཞུས་པར། ད་ལན་བརྟག་པ་ཡང་ཤིན་ཏུ་ལེགས་པོ་བྱུང༌། བསྟན་པ་ལ་ཕན་པ་ཞིག་འོང༌། བར་ཆད་མི་འབྱུང་བར་འདུག་ལུང་བསྟན་གནང་ཞིང༌། ཡུམ་ལ་བཀའ་དབང་སྲུང་འཁོར་སོགས་བརྩེ་བས་བསྐྱངས།