R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༢༩
[A:༡༢༩]འདི་འདྲ་བྱུང་འདུག་པས་བཀའ་བསྒོ་བྱིན་རླབས་གནང་དགོས་ཚུལ་ཞུ་བ་གནང་སོང་བས། གནོད་པ་རང་མིན་ནམ་གསུང་བཀའ་བསྒོ་དང་བྱིན་རླབས་རྒྱས་པ་སྩལ། དེའི་རྒྱུན་ཟླ་བ་གཉིས་ཙམ་གྱི་རིང་བྱུང་བ་ནི། ངེད་རང་སྐྱེ་བ་སྔ་མའི་སྟོབས་དགོན་གནས་སུ་བསྡད་པར་ཆོས་སྲུང་རྣམས་དགྱེས་པའི་རྣམ་འགྱུར་ལས་གནོད་འཚེ་སོགས་མིན་པ་འདྲ། འདི་དག་གི་བར་རྣམས་སུ་གོང་མ་ཁུ་དབོན་གྱིས་དབུས་གཙང༌། ཁམས་སྟོད་སྨད། ཨ་མདོ། སོག་ཡུལ་སོགས་ནས་ཆོས་དོན་གཉེར་དུ་བྱོན་པ་རྣམས་དང་ལྷན་དུ། དབང༌། ཁྲིད། ལུང༌། རིག་གཏད་སོགས་རྒྱུན་མར་སྩལ་བ་རྣམས་ཞུས།། ༈ ལྕགས་འབྲུག་ལོའི་དགུན་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གོང་མ་ཆོས་ཀྱི་རྒྱལ་པོས་རྒྱུན་གྱི་དབང་པོའི་འདུ་ཁང་ཆེན་མོར་ཚོགས་ཆེན་དུ་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ། དབང༌། ཁྲིད། ལུང༌། མན་ངག་སོགས་ཡོངས་སུ་རྫོགས་པ་དང༌། ལམ་ཟབ། བིར་སྲུང༌། ནཱ་རོ་མཁའ་སྤྱོད་རྣམས་ཀྱི་བྱིན་རླབས་རྣམས་དང༌། བ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྒྱ་གཞུང་གི་ལུང་བཅས་སྩལ་བ་ཞུས།། ༈ ལྕགས་སྦྲུལ་ལོར་ཚོགས་ཆེན་དུ་ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་ཡོངས་རྫོགས་དང༌། ངེད་རང་སྐུ་མཆེད་སོགས་ཁ་ཤས་ལ་ངོར་ལུགས་དཀྱིལ་འཁོར་བདུན་སོགས་དབང་ཁྲིད། ལུང་རྗེས་གནང་སོགས་དུ་མ་སྩལ། ན་གཞོན་པས་ཀུན་སྤྱོད་སྤྲེའུའི་མཆེད་ཟླར་འོས་པ་ཞིག་ཡོད་ཀྱང༌། རྗེ་དབོན་རིན་པོ་ཆེ་ནས་ཞི་དྲག་གིས་འཇུན་མཐར་བརྩེ་འཛིན་གནང་བས་