R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༠༡
[A:༣༠༡] ཆོས་རྒྱལ་ན་རིམ་གྱིས་བྱིན་གྱིས་བརླབས་པའི་ཐུབ་དབང་གི་སྐུ་སོགས་མཇལ། མཆོད་པ་སྙན་དར་ཕུལ། ཞབས་དྲུང་ཞབས་མ་བརྟན་གཤིས་བཀྲ་ཤིས་ཆོས་སྡེར་དགོང་སླེབས་བྱས། སོང་གདུང་འབུལ་དུ་ཇ་རྟ་སོགས་དགུ་ཚན་ལྔ་ཙམ་ཕུལ་ཞིང༌། མཆོད་འབུལ་ཡང་དག་བྱས། འགོར་རིང་རི་བོ་བདེ་ཆེན་ནས་དགེ་འདུན་ཁ་ཤས་ཕེབ་པ་གཙོ་བོར་གྱུར་པའི་དོན་གཉེར་བ་རྣམས་ལ་ཀྱེ་རྡོར་གྱི་དབང་ཚན་གཉིས་སོགས་འདོད་ཆོས་འདྲ་ཕུལ། གཟའ་ཚེས་དགེ་བར་སྐུ་གདུང་རིན་པོ་ཆེ་དགྱེས་མཛད་རྡོ་རྗེའི་སྒོ་ནས་ཞུགས་ལ་ཕུལ་བས། ནམ་མཁའ་དྭངས་ཤིང་འཇའ་སྤྲིན་སོགས་ལྟས་ངོ་མཚར་བར་བྱུང་བ་ནི་དམ་པ་དེ་ཉིད་རྗེ་བཙུན་ཁའུ་པའི་བསྟན་འཛིན་བླ་ན་མེད་པར་སོང་གཤིས་སུམ་རྩེན་པ་རྣམས་ཀྱིས་མཆོད་པ་ཕུལ་བར་མངོན། ཡུམ་བུ་བླ་མཁར་དང༌། སྟག་ཆེན་འབུམ་པ། ཁྲ་འབྲུག་སོགས་མཇལ་བར་ཕྱིན། ལམ་དུ་ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏ་ལ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་འཁྲུངས་པའི་གཏམ་སྙན་འབུལ་མི་བྱུང་དུས་བཞུགས་པའི་གཏམ་སྙན་བཞུགས་ཁྲིར་གྲགས་པའི་སྟེང་དུ་བསྡད་སྐབས་ཤིང་ཐོག་སྟེར་སྦྱིན་བྱེད་མི་མང་ཙམ་བྱུང་བ་ནི་རྟེན་འབྲེལ་ལེགས་པར་སེམས་ཤིང༌། བཞུགས་ཁྲིར་ཁ་བཏགས་ཀྱི་ཅོད་པན་ཤིན་ཏུ་ཆེ་བར་བཙུགས། རྟེན་རྣམས་ཞིབ་པར་མཇལ་ཞིང་སྙན་དར་མཆོད་པ་གང་རྒྱས་ཀྱང་ཕུལ། ཁྲ་འབྲུག་ཏུ་རྒྱལ་བ་རིགས་བཞི་རྡོ་ལ་རང་བྱོན་དུ་བྱུང་བ་གོང་པོ་རི་ནས་སྤྱན་དྲངས་ཚུལ་ཟེར་བ་དང༌། ཉེ་སྲས་བརྒྱད་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཕྱག་ནས་མ་ལི་ཡུལ་ནས་གདན་དྲངས་པ། ཇོ་མོ་སྒྲོལ་མ་སོགས་རྟེན་བྱིན་རླབས་ཅན་དུ་མ་མཇལ། མཆོག་གི་སློབ་དཔོན་ཆེན་པོ་ང་འདྲ་མར་གྲགས་པ་ཨོ་རྒྱན་དངོས་དང་ཁྱད་པར་མ་མཆིས་པ་རྣམས་