[A:༣༠༣] དེ་ནུབ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་གདུང་བརྒྱུད་སྡེ་པ་སྒེར་པའི་སར་འབྱོར་བར་བསུ་བ་བཟོས་སྒོ་གཞན་དང་མི་འདྲ་བར་གནང་ཞིང༌། གཞིས་ལེན་གཟབས་པ་མཛད། ཕར་རྟ་སོགས་དགུ་ཚན་དཔངས་མཐོ་བ་སྐྱེས་སུ་ཕུལ། ཕྱི་ཉིན་དཔལ་ལྡན་བླ་མ་དམ་པའི་བཞུགས་གནས་རྩེ་གདོང་བསམ་གཏན་གླིང་དུ་ཕྱིན། ངེད་རང་འོང་ཚུལ་གསན་གཤིས་སྣེ་གདོང་ནས་སྐུ་ཚབ་ཀྱང་བྱོན་འདུག་པ་བཅས། བླ་མ་དམ་པའི་སྐུ་ཕྱག་ནས་མ་ན་བཟའ་སོགས་འགངས་ཆེ་བ་རྣམས་དང༌། མགོན་ཁང་དུ་ལྕམ་དྲལ་གྱི་སྐུ་དང༌། པུ་ཏྲའི་བླ་མཚོ་སོགས་རྟེན་ཁྱད་དུ་འཕགས་པ་དུ་མ་མཇལ། སྙན་དར་མཆོད་པ། ཆོས་སྐྱོང་གི་སྐུ་རྣམས་ལ་སྤྱན་གཟིགས་རྣམས་རྒྱས་པ་དང་ཕྲིན་བཅོལ་ཞུས། ཕྱིར་འོང་ལམ་དུ་འབྲས་བུ་གླིང་གི་དགེ་འདུན་རྣམས་ཀྱིས་གཙོས་འཕྲད་མི་ཤིན་ཏུ་མང་བར་བྱུང༌། བཀའ་བསྒོ་དང་སྔགས་མདུད་སོགས་གང་འཚམས་ཀྱིས་འདོད་པ་བསྒྲུབས། ཉིན་འཁོར་གྱི་སྒེར་པའི་གཞིས་ཁར་སླེབས། གྲུབ་ཐོབ་ཆེན་པོའི་སྐུ་འདྲ་ཕྱག་ནས་མ་སོགས་ནང་རྟེན་ཤིན་ཏུ་མང་བ་རྣམས་ཞིབ་ཏུ་མཇལ་ཞིང༌། དད་རྟེན་ཀྱང་མང་བར་གནང༌། རྟེན་རྣམས་ལ་སྙན་ཤལ་རྒྱས་པར་ཕུལ། ཞལ་ངོ་ཚོར་ཚེ་དབང་དང༌། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ཚར་ལུགས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཕུལ། ཕྱི་ཉིན་འོང་ཁར་དང་རས་སྣམ་བུ་སོགས་ཀྱི་སྟེར་སྦྱིན་དཔངས་མཐོང་བར་གནང་ཞིང༌། སྔགས་མདུད་བྱིན་རྟེན་སོགས་ཀྱང་ཕུལ། སྡེ་པ་རིན་པོ་ཆེ་གྲུ་ཁར་སྐྱེལ་མར་ཕེབ་པར་སྔགས་མདུད་ཕུལ་ཞིང༌། གང་ཅིའི་སྙན་འབུལ་རྒྱས་པར་ཞུས། ཆུར་ཐོན་རིམ་གྱིས་བསྐྱོད་དེ་བཀའ་དྲིན་གཞལ་མེད་ཁྲི་སྲོང་རྗེས་བཞེངས་པ་གནང་བའི་གནས་ཆེན་དཔལ་ཟབ་