[A:༣༠༤]ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནྡྷོ་ལ་ཆེན་པོར་དེ་ནུབ་འབྱོར་ཞིང་རྩལ་མང་བའི་སར་བསྡད། རབ་བྱུང་གྲྭ་ཚང་རྣམས་ཀྱིས་ཇ་ཞུས་ཀྱང་བྱུང༌། ཕྱི་ཉིན་སྔ་བར་ཐོག་མར་དབུ་རྩེར་ཕྱིན་ཏེ་བྱང་ཆུབ་ཆེན་པོ་དང༌། ཐམས་ཅད་མཁྱེན་པ་ཞི་བ་འཚོའི་དབུ་ཐོད་སོགས་འོག་ཁང་དང༌། བར་ཁང༌། སྟེང་ཁང་སོགས་ཀྱི་རྟེན་མཆོད་རྣམས་ཞིབ་པར་མཇལ། རིམ་གྱིས་གླིང་བཞི། གླིང་ཕྲན། ཡཀྴ་ལྟག་འོག །མཆོད་རྟེན་ལྔ་སོགས་ཞིབ་ཏུ་མཇལ། ཇོ་མོ་གླིང་གསུམ་དང་ཕོ་བྲང་གོང་ཀྱང་མཇལ། སློབ་དཔོན་ཆེན་པོའི་ཞབས་རྗེས་སོགས་གོང་གསལ་གཙུག་ལག་ཁང་གི་སྐུ་བརྙན་རགས་པར་སྙན་དར། གསེར་ཆབ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་ནམ་མཁའི་མཐའ་ཀླས་པར་ཕུལ་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། གོང་ས་ཆེན་པོ་ཡས་ཕྱིན་གྱི་དབུས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་ཡུན་རིང་དུ་བརྟན་ཅིང༌། སེམས་ཅན་རྣམས་ལ་བདེ་སྐྱིད་འབད་མེད་དུ་འབྱུང་བ་སོགས་སྨོན་ལམ་ཡིད་ཚིམ་པར་བཏབ། སྟག་རྩེའི་སྐུ་ཚབ་བཞུགས་མི་སྒྲུབ་གྲོགས་པས་ཇ་ཞུས་ཀྱང་མཛད། དཀར་པོ་པའི་ནང་དུ་ཕྱིན། མཆོག་གི་སློབ་དཔོན་ཆེན་པོས་ལྷ་སྲས་མུ་ཁྲི་བཙན་པོར་སྐུ་ཚབ་ཏུ་གནང་བའི་གུ་རུ་མཚོ་སྐྱེས་རྡོ་རྗེར་གྲགས་པའི་ཁྱད་མཚར་བྱིན་ཅན་དེ་མཇལ་དུས། སྐུ་མདུན་དུ་ཐོག་མར་གུ་རུ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད་ཅིག་བྱས་རྗེས། ཡོན་ཆབ་ཆེར་འབུལ་བ་སོགས་སྩོལ་བར་མ་ལྟོས་པར་ཞལ་ངེད་རང་ལ་གཟིགས་ཏེ་ཕེབ་པ་སོགས་རྗེས་སུ་འཛིན་པའི་བརྡར་སེམས། མཆོད་མཇལ་རྣམས་གྲུབ་རྗེས་མཁན་ཆེན་བོདྷི་ས་ཏྭའི་བཞུགས་ཁྲིའི་སྟེང་དུ་འཁོད་དེ། རབ་བྱུང་གྲྭ་ཚང་གི་དགེ་འདུན་རྣམས་གཙོར་གྱུར་པའི་སྐྱ་སེར་ཤིན་ཏུ་མང་བར། འབྱུང་འདུལ་གྱི་རྗེས་གནང་བྱས་ཤིང༌།