[A:༣༠༢]ཞིབ་པར་མཇལ་ཞིང༌། དེ་དག་ལ་བྱིན་རླབས་ཀྱི་གཟི་བྱིན་གཞན་ལས་ཆེ་བ་སེམས་རྒྱུད་ཁུལ་ནུས་པར་འདུག་ཅིང༌། སྙན་དར་མཆོད་པ་སོགས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་ཚར་དུ་དངར་བ་ཕུལ། རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་རིང་ལུགས་འཕེལ་ཞིང་ཕན་བདེ་འབྱུང་བའི་སྨོན་ལམ་ཡང་དག་བྱས། མཆོད་རྟེན་དབུ་ལྔ་སོགས་ལ་བསྐོར་བ་བྱས་ཤིང་ཉིན་འཁོར་བྱས། ཆོས་སྡེར་ཞག་གཉིས་བསྡད། འོང་ཁར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཕྱག་ནས་མས་གཙོས་མཆོད་འབུལ་གྱི་སྟེར་ཆ་དཔངས་མཐོ་བར་སྩལ། རིམ་གྱིས་བསྐྱོད་པས་ཚེས་བཅུ་དང་སྒོན་ཐང་འབུམ། ཙན་ཐང་ལྷ་ཁང་སོགས་མཇལ། སློབ་དཔོན་ཆེན་པོ་པདྨ་ཀ་རའི་སྒྲུབ་གནས་ཤེལ་བྲག་ཏུ་ཕྱིན། ཡར་ལམ་མཐིལ་གྱི་རྟེན་རྣམས་ཞིབ་པར་མཇལ་ཞིང་མཆོད་པ་དང་སྙན་དར་ཕུལ། སྨོན་ལམ་ཡང་དག་བཏབ། བྲག་ཕུག་གི་ནང་དུ་སློབ་དཔོན་ཆེན་པོའི་སྐུ་བྱིན་རླབས་ཅན་ཕྱག་ནས་མའི་མདུན་དུ་གུ་རུ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད་རྒྱས་པ་དང༌། སྙན་ཤལ། མཆོད་སྤྲིན་རྒྱ་ཆེ་བ་ཕུལ་ཞིང༌། བྱིན་རླབས་ཀྱིས་ལུས་སེམས་བདེ་ལ་བག་ཕེབ་པ་ཞིག་བྱུང༌། རང་བྱོན་ཀྱང་མང་བར་འདུག །སྐས་ལས་བབས་དུས་བྲག་གི་ལོགས་ཤིག་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ཞིག་གསར་དུ་མཐོང༌། དེ་དག་ལ་བཞུགས་པའི་སྒྲུབ་པ་ཕོ་མོ་རྣམས་ལ་འཚོ་བའི་འབྲེལ་པའང་རགས་རིམ་ཕུལ། སྣེ་གདོང་གི་རྩེར་འབྱོར་དུས་བཀྲ་ཤིས་ཆོས་སྡེའི་ཚོགས་ཆེན་སྐུ་རིམ་དུ་ཡོད་པ་རྣམས་མཇལ་དར་བཅས་འཕྲད་པར་བྱོན་ཞིང༌། མང་ཇ་བྱིན་རྟེན་སོགས་གང་ལེགས་ཕུལ། ཞོལ་པ་རྣམས་ཀྱི་འཕྲད་མི་དང་བསྔོ་ཞུས་སོགས་མང་བར་བྱུང༌། སོ་སོའི་འདོད་སྦྱར་བྱས།