[A:༣༠༥] གནས་ཚང་དུ་འབྱོར་འཕྲལ་དྲེགས་པའི་དེད་དཔོན་ཆོས་རྒྱལ་དཔོན་བློན་གྱི་སྐུ་ཁོག་སོ་སོར། སང་ཉིན་སྐུ་ཕེབ་བྱེད་ཚུལ་གྱི་འཕྲོས་བྱེད་པར་མགྲོན་གཉེར་བཏང་བའི་ལན་དང༌། ལྕོག་གི་གྲྭ་ཁ་ཤས་ཀྱིས་ཀྱང་དུས་མིན་དུ་སོང་གཤིས་ག་འདྲ་འོང་ཟེར་ཀྱང༌། ངེད་རང་བྲེལ་བའི་སྟབས་སང་ཉིན་སྔ་བར་ལྕོག་ཏུ་ཕྱིན་ཞིང༌། ངེད་རང་ནས་དཔལ་ས་སྐྱ་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གཟིམས་ཆུང་དུ་བསྡད། ཚོགས་འཁོར་རྒྱས་པ་དང་བཅས་པ་ལྕོག་པ་རྣམས་ཀྱི་སྤྱན་འདྲེན་ཞུས་པར། ཚར་གཅིག་སོང་འཚམས་སྐུ་མ་ཕེབ་པར་ཅི་དྲག་ཟེར་བ་ལྕོག་པ་ཞིག་བྱུང་བར་ད་དུང་བསྐྱར་ནས་ཞུས་ན་ཕེབ་འོང་ཚུལ་ཞུས། ཡང་བསྐྱར་བྱས་པར་ཕེབ་སོང༌། གཞན་མ་བསྐྱར་ཞུས་བྱས་ན་ཕེབ་པར་སྐུ་ཤིན་ཏུ་འཚུབ་པར་ཡོང་ཡོད་འདུག་ཀྱང༌། ཕེབ་འཕྲལ་ངེད་རང་གིས་ཕྱིན་པར། ཞི་བའི་ཚུལ་གྱི་རྡོ་སྐས་མགོར་བསུ་བར་བྱོན་ཞིང༌། བཙན་ཁར་དུ་འབྱོར་འཕྲལ་ཆོས་རྒྱལ་ཆེན་པོ་དང༌། ཆོས་སྐྱོང་ཆེན་པོ་སོ་སོར་སྙན་ཤལ་ཕུལ་ཏེ། གསེར་ཞལ་དང་ཚན་གྲངས་རྒྱས་པ་བཅས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་བསྲུང་བསྐྱབ་དང༌། འཕེལ་རྒྱས་འོང་བའི་ཕྲིན་བཅོལ་བྱས་ཤིང༌། གང་ཅིའི་སྤང་བླང་གི་ལུང་བསྟན་དང༌། སྙིགས་མའི་དུས་འདིར་ཡང་ཡང་ཁོག་ཞུགས་བྱེད་པར་ཤིན་ཏུ་དཀའ་ཡང༌། ད་ལམ་དགེ་བཤེས་ཡིད་མ་ཆེས་དོགས་རིབ་ཙམ་འོང་བ་ཞིག་གསུང་བ་སོགས་ཡིད་ཆེས་ཀྱི་བསླབ་སྟོན་ཤིན་ཏུ་མང་བར་སྩལ། དཔོན་བློན་འདི་གཉིས་འཇིག་རྟེན་གྱི་ལྷ་སྲུང་དྲག་ཤུལ་ཅན་ཡིན་ཟེར་བ་ཚོ་དང་མི་འདྲ་བའི་ཟིལ་ཤིན་ཏུ་ཆེ་བར་འདུག །གྲུབ་འཕྲལ་མཆིམས་ཕུར་ཕྱིན་པར་རྟ་ཐོག་ཏུ་ཐོན་ནས་བཟུང༌། ནམ་མཁའ་ཤིན་ཏུ་དྭངས་པ་དང༌། འཇའ་ཚོན་སྣ་ལྔ་རྐྱོང་བ། ཡིད་ལའང་ཨོ་རྒྱན་ཆེན་པོ་མངོན་སུམ་དུ་