[A:༣༠༦]བཞུགས་ཡོད་སྙམ་པའི་མོས་གུས་དུང་ངེ་བའི་ངང་ནས་གནས་སུ་སླེབས། སློབ་དཔོན་ཆེན་པོས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ལྷ་སྲིན་རྣམས་དབང་དུ་བསྡུས་སྐབས་དཀྱིལ་འཁོར་ཡོང་རྫོགས་བྲག་ཕུག་གི་ཐོད་དུ་རང་བྱོན་དུ་བྱུང་བའི་སྒྲུབ་ཕུག་བྲག་དམར་ཀེའུ་ཚང་དུ་ཉིད་ཀྱི་ཕྱག་ནས་མའི་སློབ་དཔོན་ཆེན་པོའི་སྐུ་དང༌། བོད་འབངས་བདེ་ཐབས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་སྐུ་བརྙན་གསར་དུ་བཞུགས་སུ་གསོལ་བ་སོགས་རྟེན་བྱིན་རླབས་ཅན་རྣམས་ཀྱི་མདུན་དུ་བསྡད། འཇའ་ཚོན་སྙིང་པོའི་གཏེར་མའི་ལས་བྱང་གི་ཚོགས་མཆོད་རྒྱས་པར་བྱས་ཤིང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ཅིང༌། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་དུ་ཡུན་རིང་དུ་གནས་པ་སོགས་བྱིན་རླབས་ཀྱི་ལྟས་ཀྱང་བྱུང༌། ཨ་ཧོ་ཐུགས་རྗེས་ནམ་ཡང་མི་འདོར་བའི། །སྐྱབས་གསུམ་ཀུན་འདུས་སློབ་དཔོན་ཆེན་པོ་ཡི། །བྱིན་རླབས་སྐུ་དང་གནས་སོགས་མཇལ་བའི་ཚེ། །སེམས་ཉིད་འོད་གསལ་ངང་དུ་རེ་ཞིག་འབྱམས། །སྒྲུབ་གནས་དེར་བཞུགས་པའི་རྟེན་དང་རང་བྱོན་ཤོག་སེར་སོགས་ནང་རྟེན་ཤིན་ཏུ་མང་བ་མཇལ། རྟེན་སོ་སོར་སྙན་ཤལ་དང་མཆོད་པ་རྒྱས་པར་ཕུལ། དཔོན་སློབ་མེ་རག་པས་དཀར་སྤྲོ་དང༌། དར་རས། གཟན་སོགས་ཀྱི་སྟེར་སྦྱིན་དཔངས་མཐོ་བར་མཛད་ཅིང༌། དེར་བཞུགས་སྒྲུབ་པ་ཕོ་མོ་སོགས་ཀྱིས་ཀྱང་སྟེར་ཆ་བྱེད་མི་མང་བར་བྱུང༌། དོ་ནུབ་བསམ་ཡས་སུ་འབྱོར། རབ་བྱུང་གྲྭ་ཚང་གི་གྲྭ་པ་དང༌། ཡོན་བདག་དོན་གཉེར་བ་ཁ་ཤས་ལ་ཕྱག་ན་རྡོ་རྗེ་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སོགས་འདོད་ཆོས་མང་བར་བྱས། རབ་བྱུང་གྲྭ་ཚང་ལ་མང་ཇ་སྤྱི་འབུལ། མཁན་པོར་ཚན་གྲངས་རྣམ་གཞག་སོགས་ཀྱིས་མཉེས་པར་བྱས། ཡོན་བདག་སོ་སོར་ཡང་སྔགས་མདུད་བྱིན་