R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༠༧
[A:༣༠༧]རྟེན་སོགས་སྟེར་སྦྱིན་བྱས་ཤིང༌། ཚུར་ཡང་སོ་སོས་དར་རས་དང་སྣམ་བུ་སོགས་ཀྱི་སྟེར་ཆ་རྒྱས་པར་བྱུང༌། མ་ནས་ལྷོ་ཁ་ཕྱོགས་འདིས་ལུགས་སུ་དད་ཞེན་ཆེ་བ་དང༌། གྲྭ་ཚང་རྣམས་ཀྱང་གྲྭ་འགྲིག་ཅིང་ཐུགས་དམ་སོགས་གཞན་དང་མི་འདྲ་བར་འདུག་པས་དག་སྣང་ཡང་དག་བྱུང༌། ངེད་རང་ཡང་གར་ཕྱིན་ཞག་སྡོད་དང་ཉིན་རྒྱུག་སར་དད་མོས་ཀྱི་མི་ཐམས་ཅད་ཁྲོམ་བཞིན་ཏུ་འདུ་བ་ཞིག་བྱུང༌། སྟེར་ཆ་སོགས་རྒྱས་པར་བྱུང་ཞིང༌། ཕར་ཡང་གང་ལ་གང་འཚམས་ཀྱིས་སོ་སོའི་འདོད་པ་བསྒྲུབས། ཕྱི་ཉིན་རབ་བྱུང་གྲྭ་ཚང་གི་སྐྱེལ་མི་རྣམས་དང་འཕྲད་མི་མང་བར་བྱུང་ཞིང༌། དལ་འགྲོས་ཀྱིས་སྔར་མགོར་འབྱོར། རྒོད་དཀར་བརྒྱུད་ཆང་ཚུལ་ཁང་དུ་གུང་ཚིགས་བྱས། གྲོང་མགོར་བསྡད། ཕྱི་ཉིན་ཆུ་རབ་བརྒྱུད་བསྟན་པའི་སྦྱིན་བདག་དགའ་མོ་བའི་སར་འབྱོར། གཞིས་ལེན་གཟབས་རྒྱས་བྱུང༌། དེ་ནུབ་ཞལ་ངོ་རྣམས་ལ་ཚེ་དབང་སོགས་བྱས། ཕྱི་ཉིན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་དབུ་ཞྭ་བྱིན་ཅན་ཞིག་དང༌། ནས། གྲོ། སྲན་སོགས་ཀྱི་སྟེར་སྦྱིན་རྒྱས་པར་མཛད། ཡོན་བདག་འདི་དད་དད་ཟེར་བ་གཞན་མ་ཚོ་དང་མི་འདྲ་བའི་སྦྱིན་བདག་གི་མཆོག་ཅིག་ཡིན་གཤིས་རྗེས་སུ་གནས་བཤིས་དེ་བཞིན་བྱུང་སོང་སྐབས་ཀྱང་ཤོགས་གོང་ཐོན་གྱི་ཕན་ཆ་གང་དྲག་དོ་ཁུལ་དུ་བྱས། ཕྱི་དྲོ་དགོན་ལག་ཤབ་ཏུ་ཕྱིན་ཏེ་གྲྭ་རིགས་ཚོར་མང་ཇ། བླ་མར་བསྔོ་རྟེན་དང༌། གཞན་ཡང་ཡོན་བདག་སོགས་ཚང་མར་གང་འཚམས་ཀྱི་སྟེར་ཆ་དང༌། བྱང་བསྔོ་ཞུ་མི་མང་ཐག་བྱུང༌། ལམ་དུ་དགའ་མོ་ནང་སོ་སྐུ་མཆེད་འཕྲད་སར་ཕེབ་པར་སྔགས་མདུད་སོགས་ཕུལ། ཏིང་གསར་དུ་ནཱ་ལེནྡྲ་ནས་ངེད་རང་གི་གཉེར་པ་རོགས་བཅས་བསུ་བར་བྱུང༌། ལྷང་རྩེར་དུ་རྒྱན་དྲུང་གིས་གཙོས་རྒྱུན་གྱི་དབང་པོའི་རྟ་བསུ་