[A:༣༠༨]བ་མང་བ་དང་བཅས་ཕེབ་ཅིང༌། རིམ་གྱིས་དགོན་གནས་སུ་འབྱོར་བའི་ཚེ་འདུས་ཚོགས་ཀྱིས་སེར་ཕྲེང༌། བླ་བྲང་གྲྭ་ཁང་སོ་སོ་ནས་དར་འཕྱར་སོགས་རྒྱས་པར་མཛད། འབྱོར་འཕྲལ་སེར་ཇ་དང༌། བླ་ཁག་ལས་ཚན་བཅས་པར་སྟེར་ཆའང་སྐྱེས་མའི་ཚུལ་དུ་ཕུལ། ཞག་ཤས་ངལ་བསོས་ཤིང༌། དེ་ནས་ལམ་འབྲས་ཀྱི་འཕྲོས་རྒྱུད་གསུམ་བཙུགས་ཏེ་ཁྲིད་ལུང་སོགས་རྒྱས་པར་གྲུབ་ཅིང༌། གཞན་ཡང་དབང་ལུང་མང་ཙམ་གྱི་འདོད་ཆོས་ཀྱང་ཁ་ཤས་བྱས། འདི་སྐབས་ངེད་རང་གིས་གཞིས་ཀྱི་དབོན་ཆུང་བ་འོད་མཆོག་སྤྲུལ་སྐུའི་སྐུ་སྐྱེ་ཡིན་འདུག་པས་ངོས་འཛིན་བྱེད་འཇུག་དགོས་ཟེར་བར་ཁོང་རང་གི་རྡོར་སློབ་སྐྱིད་སྡིངས་ནས་དང༌། འདི་ཁའི་ཡོན་བདག་ཉི་མ་དབོན་པོ་བཅས་དགེ་སློང་རིན་པོ་ཆེ་དང༌། དྲུང་ཡིག་ལགས་ཀྱི་ཕྱག་བྲིས་བཅས་འབྱོར་བར། ངེད་རང་ལ་ཁོང་སྐུ་མཆེད་གཉིས་ལས་མེད་གཤིས་བརྒྱུད་འཛིན་བྱེད་མིར་སོང་བས་སེམས་ལ་མ་བབས་ཀྱང༌། བླ་མའི་སྐུ་སྐྱེ་ཡིན་ངེས་ན་གང་ཅི་ནས་མི་བཏུབ་སྙམ་གཞིས་སུ་ངོས་འཛིན་ལ་བཏང་བར། གསལ་བ་རང་གི་ངོས་འཛིན་སོགས་མ་བྱུང་འདུག་ཅིང༌། ལྷག་ཏུ་རྒྱན་དྲུང་དང་དཔོན་ས་བཅས་ངོས་ཀྱིས་བྱོན་ཏེ་དེ་བཞིན་བྱས་ན་མི་འོང་ཚུལ་དང༌། མཛོད་སར་ཚ་དྲག་གི་འཕྲོས་པ་བཅས་དགེ་སློང་རིན་པོ་ཆེར་ཞུ་བར་རྫོང་བདའ་མཛད་སོང་ཞིང༌། ངེད་རང་གི་འདི་རིགས་ལྷུས་ཐེངས་དགོས་པས་ཚས་ན་མི་འོང་ཚུལ་ལབས་ཀྱང༌། ཚ་རྡོག་བརྡུང་བར་བོད་འབྲོག་གི་དཔེ་ལྟར་ཕ་གིར་ཞུ་ནན་གྱིས་སྐུ་སྐྱེ་གཏན་ནས་མིན་ཚུལ་ཞུས་འདུག་པར། ཆོས་སྟེར་གླིང་མཁན་པོ་གྲྭ་སློབ་བཅས་པར་བསླབ་སྟོན་ལ་གང་ཞུས་ལྟར་བཀའ་དྲིན་བསྐྱངས་པས་སྐུ་སྐྱེ་མིན་འདུག་ཚུལ་དང་གཞན་དུ་བཙལ་བ་འགབ་ཚུལ་བཅས་ཕྱིར་སློག་གནང་འདུག་ཀྱང༌། དེ་ནས་བཟུང་ཤིན་ཏུ་བསུན་པ་བྱུང་སོང་ཞིང༌།