R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༠༩
[A:༣༠༩] ཁོ་རང་ཚོས་ཀྱང་གཞན་ནས་མ་རྙེད་གཤིས་ལོ་ཕྱི་མར་ཡང་བསྐྱར་བྱུང་བར་ངེད་རང་ངོས་ཀྱིས་གཞིས་སུ་ཕྱིན་ཏེ་ངོས་འཛིན་བྱེད་བཅུག་པར་ཤིན་ཏུ་གསལ་བར་བྱུང་སོང་ཞིང༌། ལྷག་ཏུ་ཕོ་བྲང་ཆེན་པོར་གསུང་བརྟག་ཞུ་བར་འོད་མཆོག་སྤྲུལ་སྐུའི་སྐུ་སྐྱེ་དེ་ཁར་ཡོད་འདུག་པར་ཞེས་བསླབ་སྟོན་ཕེབ་པར་ཁོང་རང་ཚང་ལའང་དེ་རྩིས་ཀྱི་འཕྲོས་པ་དང༌། ངེད་རང་ལ་གདུང་བྱུང་ན་དང་མ་བྱུང་ཚེ་སྔགས་འཆང་བྱེད་པར་ཐག་བཅད་དོ། །འདི་རིགས་ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏས། ཆུ་མིག་རང་ཉིད་མ་བསྐམས་ན། །ས་ཡི་མནན་པས་ག་ལ་ཁེབས། །ཞེས་གསུངས་པའི་དོན་ལ་སོང་ཞིང༌། རྗེས་སུ་གཟའ་ཚེས་དགེ་བར་མཁན་གདན་ས་བ་དང་བཅས་སྤྲུལ་སྐུ་རིན་པོ་ཆེར་ལེགས་འབུལ་དང༌། ངེད་རང་ལའང་འབུལ་བ་བཅས་བྱུང་བར་ལེགས་ལམ་གང་ཆེ་བྱས། ཕོ་བྲང་དུ་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁར་སྐབས་དྲུང་དབོན་བཅས་ཕྱིན། སོ་སོ་ནས་མཇལ་རྟེན་དཔངས་མཐོ་བར་ཕུལ། མཇལ་ཁ་རྒྱས་ཤིང་གྲྭ་ཚང་གི་ཞབས་བརྟན་འབུལ་བ་གནང་བ་དང་འགྲིགས། གཟིམས་ཆུང་འགག་ཏུ་མཇལ་རྟེན་རྣམས་ཕུལ་སྐབས། གསོལ་དཔོན་སྔགས་རམས་པ་བརྒྱུད་བཀའ་འདྲི་ཞིབ་ཏུ་སྩལ། དབོན་ལ་ཆོས་ཐམས་ཅད་བུམ་པ་གང་བྱོར་བྱེད་དགོས་ཤིང༌། ཕྱག་ལེན་རྣམས་ཀྱང་ཇི་བཞིན་རྒྱུན་མ་ཉམས་པར་དགོས་ཚུལ་བསླབ་དོན་རིན་པོ་ཆེ་ཕེབ། དགེ་སློང་ལགས་དང༌། དགེ་སློང་ངག་དབང་དཀོན་མཆོག་ལགས་དང༌། ཨེམ་ཆི་ལགས་སོགས་ཞབས་ཕྱི་དྲག་གྲས་རྣམས་དང་མཇལ་ཞིང༌། སོ་སོར་འབུལ་བ་རྒྱས་པར་ཕུལ། གནང་སྦྱིན་ཀྱང་སྩལ། དགེ་སློང་རིན་པོ་ཆེའི་ཐུགས་བཞེད་ཀྱི་ཆོས་ཁ་ཤས་ཕུལ། ཀརྨ་ཤག་གི་གནས་གསར་གྱི་གདུང་སྐུ་བགྲེས་པ་སྐུ་ཆོས་གྲུབ་མ་སོང་གཤིས་ཐུགས་