R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༣༠
[A:༡༣༠]མི་གྲལ་དུ་ཚུད་ཙམ་བྱུང༌། ལོ་འདིའི་དགུན་ངེད་སྐུ་མཆེད་བྱང་ཁམས་སོགས་ཀྱི་དོན་གཉེར་བ་ཁ་ཤས་ལ་ཟུར་ཆོས་མང་དུ་སྩལ་བ་ཞུས།། ༈ ཆུ་རྟ་ལོའི་དབྱར་ཚོགས་ཆེན་དུ་སྒྲུབ་ཐབས་རྒྱ་མཚོ་རྒྱ་གཞུང་གི་ལུང༌། །ཐིག་ལེ་བཅུ་དྲུག་གི་བྱིན་རླབས། རྗེ་དབོན་རིན་པོ་ཆེ་ནས་ཕ་ཆོས། བུ་ཆོས། རི་ཆོས། ཀྱེ་རྡོར་རྒྱུད་གསུམ། བརྒྱད་སྟོང༌། གཟུངས་བསྡུས་སོགས་ལྗགས་ལུང་མང་བ་ཞིག་གནང་བ་ཞུས། ཟླ་བ་བཅུ་པའི་ཚེས་བཅུ་རེས་གཟའ་ཕུར་བུ་དང༌། རྒྱུ་སྐར་རྒྱལ་འཛོམ་པའི་འཆི་མེད་གྲུབ་པའི་འགྲུབ་སྦྱོར་བཟང་པོའི་ཉིན་ཕྱག་མཛོད་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་པ་དགོས་འདོད་འབྱུང་བའི་ཞལ་ཤེས་ལས་བྱུང་བ་བཞིན་སྒྲུབ་པ་གནང་བའི་དབུ་བཙུགས་ཏེ། དེ་ཉིན་སྔ་དྲོ་ངེད་རང་ལ་མཁན་པོ་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་གོང་མ་ཆོས་ཀྱི་སྤྱན་ལྡན་མཁྱེན་རབ་བསྟན་འཛིན་དཔལ་བཟང་པོ་ཉིད། ལས་གཡོག་རྗེ་དབོན་ངག་དབང་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོས་གནང་ནས་བར་མ་རབ་བྱུང་སྩལ་ཏེ། མིང་མཁྱེན་རབ་ངག་དབང་ལྷུན་གྲུབ་ཏུ་འདེགས་པ་གནང༌། བཅོ་བརྒྱད་དུ་འཇམ་དབྱངས་ཆོས་ཀྱི་རྒྱལ་པོའི་ཁྲིར་བཞུགས་པའི་གྲས་སུ་དབང་བསྐུར་ཏེ་ཤིས་བརྗོད་ཀྱི་ཕྱག་ནས་དང་དགའ་སྟོན་རྒྱས་པར་སྩལ། སངས་རྒྱས་ཀུན་དངོས་དམ་པ་ཁུ་དབོན་གྱིས། །བསྟན་ལ་ཕན་དགོངས་རབ་ཏུ་བྱུང་བ་སྩལ། །དམ་པའི་ཁྲིར་བཀོད་འདོད་རྒུའི་ཆར་འབེབས་པའི། །རྣམ་ཐོས་བུ་ལ་ཕྲིན་བཅོལ་ཤིས་བརྗོད་མཛད། །དགོས་མེད་ཚེ་འདིའི་བདེ་སྐྱིད་རྨི་ལམ་ཙམ་གྱི་བདེ་བས་ཅི་ཞིག་བྱ། །འདོད་ཡོན་ལ་སོགས་འཁོར་བའི་ཕུན་ཚོགས་དགོས་མེད་དུག་གི་སྡོང་པོར་མཐོང༌། །