[A:༣༡༡]ནག་པོ་པའི་དབང་ཞིག་ཕུལ། དགོན་ཁག་སོགས་ལ་ཕྱོགས་ཕེབ་དབོན་གྱིས་མཛད། ཆོས་སྡེ་ཆེན་པོའི་དུས་ཆེན་རྣམས་གྲུབ་ནས་ས་སྐྱར་འགྲོ་དགོས་པའི་སྟབས་གྲྭ་རིགས་ཡོན་བདག་རྣམས་ཀྱིས་འཕྲད་མི་ཤིན་ཏུ་མང་བས་ཁོར་ཡུག་ཏུ་གྱུར་ཅིང་ཟླ་བ་བཅུ་གཉིས་པའི་ནང་དུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་གོང་མ་ཆོས་ཀྱི་རྒྱལ་པོས་ངེད་རང་ལ་ཆོས་གསན་བཞེད་ཀྱིས་གོང་ས་ཆེན་པོ་ཡས་ཕྱིན་ལ་སྙན་འབུལ་ཞུ་བ་གནང་འདུག་པར་འགྲོ་དགོས་པའི་བཀའ་ཤོག་རིན་པོ་ཆེ་དང༌། གདན་སའི་བཀའ་ཤོག་བཅས་སྤྱི་བོར་ཕེབ་འཕྲལ་ཕོ་བྲང་ཆེན་པོར་མཇལ་ཁར་ཕྱིན། གཟིམས་ཆུང་བདེ་བ་ཅན་གྱི་འགག་ཏུ་དགེ་སློང་རིན་པོ་ཆེར་བརྒྱུད་ཕྱག་མཇལ་རྣམས་ཕུལ་སྐབས། དེ་ཁར་ས་སྐྱ་ནས་ཆོས་གསན་བཞེད་འདུག་པ་རྣམས་གང་རྒྱས་ཕུལ་བ་འགབ་ཅིང༌། དེ་ཁའི་དབོན་ཀྱང་ཁྲིད་ནས་ཐོབ་རྒྱ་ཆེ་ཞིང་བསྟན་རྒྱུན་ལ་ཕན་པ་འོང༌། གྲུབ་འཕྲལ་ཆུའི་སྟོབས་འགོར་གཞི་ཆེ་བར་མ་བྱེད་སོགས་གང་ཅིའི་བསླབ་སྟོན་ཞིབ་པར་བཀའ་དྲིན་བསྐྱངས། ས་དབང་ཆེན་པོའི་མཇལ་ཁ། གནང་སྦྱིན། ཟུར་ཆས། ཕོ་བྲང་ནས་ས་སྐྱ་བར་གྱི་གཟན་ཤིང༌། འཕྲང་སྒྲོལ་སོགས་ལ་བཀའ་ཤོག་རིན་པོ་ཆེ་བཀའ་དྲིན་བརྩེ་བས་བསྐྱངས། ཆོས་སྡེར་འབྱོར་ནས་བླ་ཁག་ལས་ཚན་གཞིས་སུ་བཞུགས་མི་རྣམས་དང་བཅས་པར་གང་ཅིའི་བཀོད་པ་དང༌། མགོན་ཁང་སོ་སོར་བསྐང་གསོ། སྙན་ཤལ། ཕྲིན་བཅོལ། ཆོས་སྐྱོང་དཔོན་བློན་ལ་སྙན་ཤལ། ཚོགས་འཁོར་སོགས་རྒྱས་པར་ཕུལ་ཞིང་ཕྲིན་བཅོལ་བྱས། ལུང་བསྟན་ལེགས་པར་བྱུང༌། སྐུ་ཡལ་ཁར་འཕྲེང་ཉམས་ཤིན་ཏུ་ཆེ་བས་ཡལ་ཞིང༌། ཡང་ཕབ་སྟེ་གདན་སར་ཡུན་རིང་མ་སྡོད་གསུང་ནན་ཆེ་བར་མཛད། ལྕགས་ལུག་ལོར་ལོ་གསར་གྲུབ་ནས་ཚེས་གསུམ་གྱི་ཉིན་ངེད་ཁུ་དབོན་དཔོན་སློབ་བཞི་བཅུ་སྐོར་གནས་ཀྱི་