R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༢
[A:༣༡༢]དབང་པོ་ནས་བསྐྱོད་སྐབས་བླ་ཁག་ལས་ཚན་བཅས་ཀྱིས་གཞིས་པར་ཐབ་སྐྱེལ་མཛད་དེ་སྐྱེལ་མར་བྱོན། གཞིས་ཀྱི་ཞལ་ངོ་རྣམས་ལ་ཚེ་དབང་དང༌། འབྱུང་འདུལ་གྱི་རྗེས་གནང་བྱས། ཕྱི་ཉིན་རྟ་ཁ་བསྒྱུར་བར་པ་ཆབ་ནས་བཟུང་འཕྲད་མི་མང་ཞིང༌། ལྷ་ཁང་རྒྱལ་སྨད་དུ་ཤོག་ཟེར། ཕྱིན། སྟོན་མོ་དང་རྫོང་པའི་སྟེར་ཆ་རྒྱས་པར་བྱུང༌། རྒྱལ་སྟོད་པ་དང་སྡེ་པ་ལྷ་ཁང་བ་རྣམས་ཀྱི་ཇ་ཞུས་དང་སྟེར་ཆ་བཅས་འཕྲད་མི་མང་བར་བྱུང༌། རྒྱལ་སྟོད་སྨད་དུ་མང་ཇ། བསྔོ་རྟེན་སོགས་ཕུལ། དེ་ནུབ་ཀོ་ཐང་དུ་བསྡད། བྱང་བུ། བསྔོ་ཞུས་སོགས་བྱེད་མི་མང་བར་སོ་སོའི་འདོད་པ་བསྒྲུབས། ཕྱི་ཉིན་ལ་དམར་ལ་ཕྱིན། ཉི་མ་གདུགས་འཇམ་ཞིང་ཁ་རེག་གི་རྩེར་འཇའ་འོད་འཁྱིལ་བ་ཞིག་འདུག་པར། དེར་ཨོ་རྒྱན་གཙོ་འཁོར་དཔའ་བོ་མཁའ་འགྲོ་སོགས་ཀྱིས་བསྐོར་ནས་བཞུགས་ཡོད་སྙམ་པའི་མོས་གུས་དུང་པ་བྱུང༌། སྟོད་ལུང་ནས་གཞིས་གཉེར་སོགས་འཕྲད་མི་མང་བ་རིམ་གྱིས་བྱུང་ཞིང༌། བདེ་ཅན་ཡངས་པ་ཅན་དུ་སླེབས། སྤྱི་སོས་གྲྭ་ཁང་བདེ་བ་ཞིག་ཏུ་བསྐྱལ། མཁན་པོ་དང་སྤྱི་གཉེར་འཕྲད་པར་བྱོན་ཞིང༌། སྟེར་ཆ་ཟུར་གསོས་རྒྱས་པར་བྱུང༌། མང་ཇ། བསྔོ་རྟེན། སྤྱི་འབུལ་སོགས་གང་ལེགས་ཕུལ། མཆོད་མཇལ་དུ་ཕྱིན། ཞྭ་དམར་དཀོན་མཆོག་ཡན་ལག་གིས་དངུལ་གདུང་གི་གཙོས་སྟེང་ཤོད་ཀྱི་མཆོད་མཇལ་ཞིབ་ཏུ་ཞུས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། མར་པའི་དབང་བུམ། འཕགས་པ་རིན་པོ་ཆེའི་དབུ་ཞྭ་ཉིན་མོ་བདེ་ལེགས་སོགས་མཇལ། རྟེན་རྣམས་ལ་མཆོད་པ། སྙན་ཤལ། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་སྤྲོས། ཕན་བདེ་འབྱུང་བའི་སྨོན་ལམ་ཡིད་ཚིམ་པར་བཏབ། ཞྭ་དམར་བདུན་པ་སྐུ་མཚམས་སུ་བཞུགས་འདུག་པར་མཇལ་མ་ཐུབ་ཀྱང་གནང་སྦྱིན་དང་ཟུར་གསོས་རྒྱས་པར་སྩལ། དེ་ནས་