[A:༣༡༣]སྲིན་སྣ་བརྒྱུད་གཞུ་ནང་དུ་སླེབས། ཚང་མས་སུ་ཡིན་མ་ཤེས་ཀྱང་དད་མོས་ཀྱི་རྣམ་པས་འདུས་ཏེ་སྟེར་ཆ་བྱེད་མི་མང་བར་བྱུང༌། རིམ་གྱི་སྙེ་མོ་གཞིས་ཁར་སླེབས། རུ་བའི་གྲྭ་རིགས་ཁ་ཡར་བྱུང་བར་མང་ཇ་བསྐུར་ཞིང་བདག་རྐྱེན་སྤྲད། རོང་ཆུང་བརྒྱུད་ཆོས་གྲྭ་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་འབྱོར་དུས་ངེད་ཁུ་དབོན་ལ་དགེ་འདུན་རྣམས་ཀྱིས་ཚོགས་དུང་མཁས་པ་འདུ་བའི་དཀར་པོ་རྒྱང་གྲགས་སྤོར་ཞིང༌། མཆོད་རྫས་དུ་མ་ཐོག་སྟེ་སེར་ཕྲེང་གིས་བསུ་བ་དང༌། བླ་བྲང་གྲྭ་ཁང་སོ་སོའི་ཐོག་ནས་བསང༌། དར་འཕྱར་མཛད། རྡོ་གཅལ་ནས་མཁན་རིན་པོ་ཆེས་དབུས་ཚོགས་དམངས་ཀྱིས་མཇལ་དར་གནང༌། བླ་བྲང་དུ་གཟིམས་ཆུང་ངོ་མཚར་སྣང་བར་བསྡད། སླེབ་འཕྲལ་མང་ཇ་ཞུས་ཤིང༌། ཕྱི་ཉིན་མང་ཇ་སྦྱོར་སྦྲེལ་ཐོག །མཁན་རིན་པོ་ཆེར་བསྔོ་རྟེན་དཔངས་མཐོ་བ་དང༌། ཚོགས་སུ་སྤྱི་འབུལ་ཞུས། ངེད་རང་གི་ཀུན་མཁྱེན་ཆེན་པོའི་བཞུགས་ཁྲིའི་སྟེང་དུ་ཕྱིན། མཁན་པོ་དང༌། བླ་མ་ཟུར་པ་གསུམ། གྲྭ་དམངས་བཅས་ལ་འཇམ་དབྱངས་དང༌། བྱམས་པའི་རྗེས་གནང་ཕུལ། སྟེར་ཆ་གྱ་ནོམ་པ་བསྟར། ཁམས་པ་གྲྭ་ཚང་དུ་བོས། གཞིས་ལེན་དང་སྟེར་ཆ་རྒྱས་པར་བྱུང༌། སྒེར་དུ་གྲྭ་ཇ་དང་ཚན་གྲངས་ཕུལ། མཁན་ཟུར་པ་ཀུན་དགའ་ནོར་བུའི་སར་འབོད་མི་བྱུང་བར་ཕྱིན། གཞིས་ལེན་དང༌། ཁྲོ་ཕུ་ཐོག་ཐུབ་མར་གྲགས་པའི་སངས་རྒྱས་ཀྱི་སྐུ་གཉིས་དང༌། གཟན་གྱིས་གཙོས་གནང་སྦྱིན་རྒྱས་པར་མཛད། དེ་དགོང་བླ་བྲང་ནས་གྲྭ་པ་ཁ་ཤས་ལ་རབ་བྱུང་དང༌། མཁན་པོ་དང༌། ཁོ་སྤེ་ཟུར་པས་གཙོས་ཁ་ཤས་ལ་དཔལ་ལྡན་མ་ཧཱ་ཀཱ་ལ་གུར་གྱི་མགོན་པོའི་རྗེས་གནང་ཕུལ། དེ་ཉིད་ཆོས་གཏེར་གླིང་ནས་གཉེར་པ་བསུ་བར་འབྱོར། ཕྱི་ཉིན་དྲག་གྲས་ཀྱིས་སྐྱེལ་མ་མཛད་ཅིང༌། ཤར་གྲུ་ཐོན། ཆོས་