R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༤
[A:༣༡༤]གཏེར་གླིང་ནས་ཐབ་བསུ་དང་གུང་ཚིགས་རྒྱས་པར་བྱུང༌། མཁན་གདན་ས་བ་སོགས་གྲྭ་རིགས་ཀྱིས་ཆིབས་བསུ་དང༌། གྲྭ་ཚང་གིས་སེར་ཕྲེང་མཆོད་གར་སོགས་བསུ་བ་རྒྱས་ཤིང༌། བླ་བྲང་གྲྭ་ཁང་སོ་སོའི་ཐོག་ནས་བསང༌། དར་འཕྱར། དུང༌། རྒྱ་གླིང་སོགས་རྒྱས་པར་མཛད་ཅིང༌། གཟིམས་ཆུང་འཆི་མེད་ཕོ་བྲང་དུ་བསྡད། ཉི་མ་གདུགས་འཇམ་ཞིང་འཇའ་འོད་ཀྱིས་ནམ་མཁའ་ཁྱབ་པ་ཞིག་བྱུང༌། ཞག་གསུམ་བསྡད། གཞིས་ལེན་སྟེར་ཆ་རྒྱས་པར་མཛད། སྐྱེད་སྟོད་ཀྱི་སྲས་ཤིག་ཐུགས་བཞེད་ལྟར་སྐྲ་ཕུད་བླངས། ངེད་རང་ནས་ཀྱང་མང་ཇ་སྦྱོར་སྦྲེལ་ཐོག །མཁན་པོར་རྟ་ལེགས་པ་སོགས་བསྔོ་རྟེན་དཔངས་མཐོ་བ་དང༌། གྲྭ་ཚང་ལ་ཇ་འགྱེད་དང་སྤྱི་འབུལ་གང་རྒྱས་ཕུལ། སྡེ་པ་ཝ་སྲས་པ་དང་སྐྱིལ་སྟོད་པ་སོགས་འཕྲད་མི་མང་བར་བྱུང༌། བྲོ་གཞས་སོགས་རྩེད་སྣ་མང་བ་དང༌། གཞན་ཡང་འཕྲད་མི་མང་བར་གང་ལ་གང་འཚམས་ཀྱི་སྟེར་ཆ་བྱས། འཚམས་པ་སྒོམ་ཆེན་འགའི་བུག་སྒོའི་གདོང་དུ་ཕྱིན། བསླབ་བྱ་དང་བྱིན་རྟེན་སོགས་ཀྱི་སྟེར་ཆ་བྱས། སྤྲུལ་སྐུ་གོང་མ་ཞིང་དུ་ཕེབ་ནས་རྒྱང་ཙམ་སོང་འདུག་གཤིས་དེ་ཙམ་འོང་བར་དཀའ་ནའང༌། མཁན་གདན་ས་བ་སོགས་ལས་ཚན་རྣམས་དང་ཚང་མས་ཐེག་པ་ཁུར་བླངས་མཛད་ཡོད་འདུག་གཤིས། སྒྲིག་ལམ་ཀུན་སྤྱོད། ཐུགས་དམ། དགོན་པའི་འཛིན་སྤྲས་སོགས་གང་སར་གྲ་འགྲིགས་པར་འདུག་ཅིང༌། ལྷག་ཏུ་སྤྲུལ་སྐུ་གོང་མའི་དངུལ་གདུང་དང༌། ཕུར་པ་རིགས་ལྔ་སོགས་རྟེན་བཞེངས་ཀྱང་མང་པར་མཛད་འདུག །དེ་དག་ལ་ངེད་རང་གིས་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་སྟེང་འོག་གི་རྟེན་རྣམས་མཇལ། སྙན་དར་སོགས་གང་རྒྱས་ཕུལ། ཐོན་ཁར་སིལ་སྙན་དང་དངོས་པོའི་ཚན་གྲངས་ཤིན་ཏུ་མང་བ། གྲྭ་པ་རྣམས་ཀྱིས་ཀྱང་སོ་སོ་ནས་