R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༥
[A:༣༡༥]སྟེར་ཆ་གཟབས་རྒྱས་མཛད། བཙུན་པ་གསར་དུ་བྱེད་མི་རྣམས་ལ་སོ་སོའི་འདོད་སྦྱར་བྱས། མཁན་རིན་པོ་ཆེས་དབུས་རགས་བསྡུས་ཀྱིས་སྐྱེལ་མར་བྱོན། དེ་ཁུལ་ཡོན་བདག་ཆོས་གཞིས་རྣམས་ཀྱིས་མཇལ་དར་དང༌། རྩེད་སྣ་སོགས་ཅི་ཤེས་བྱེད་འདུག་ཅིང༌། གང་འཚམས་ཀྱི་སྟེར་ཆ་བྱས། མཛོད་པ་དཔོན་གཡོག་མར་ལམ་རྩེ་གདོང་ལ་ཞལ་མཇལ་ཞུ་བར་འོང་ཚུལ་གྱི་སྙན་འབུལ་ཞུ་བར་རྫོང་བདའ་བྱས། རིམ་གྱིས་ཐར་པའི་ཆོས་གཞིས་དགེ་འཕེལ་དུ་གཉེར་པ་སོགས་བསུ་བར་བྱུང༌། ཆོས་སྡེར་འབྱོར་སྐབས་བླ་བྲང་སོགས་ནས་དར་འཕྱར་དང་དུང་འབུད། བསང༌། དགེ་འདུན་རྣམས་ཀྱིས་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་ཏེ་མཆོད་གར་དང༌། སེར་ཕྲེང་གིས་བསུ་བ་རྒྱས་པར་མཛད། འདི་སྐབས་རྒྱལ་པོའི་ཆོ་འཕྲུལ་གྱི་བན་གཟུགས་བསེ་ཐེབ་བྱོན་པ་ཞིག་བྱུང་བའི་ཚེ། ལྷ་མོ་སྔོན་མོ་རལ་གྲི་ཐོགས་པ་ཞིག་གིས་དེད་པའི་སྣང་བ་ཞིག་ཀྱང་བྱུང༌། མཇལ་དར་གནང༌། བླ་བྲང་དུ་ཕྱིན། འབྱོར་འཕྲལ་མང་ཇ་ཞུས། སྐུ་ཞང་རིན་པོ་ཆེ་བསུ་བར་ཕེབ་ཅིང༌། དཔའ་རྣམས་དཀྱིལ་སྟོད་པ་སོགས་བྱོན། བཞེས་སྤྲོ་དང་སྟེར་སྦྱིན་དཔངས་མཐོ་བར་བྱུང༌། ངེད་རང་ནས་ཀྱང་ཉེ་རེགས་སུ་སོང་གཤིས་དེ་ལུགས་ཀྱི་སྐྱེས་མ་བྱིན། ཕྱི་ཉིན་མང་ཇ་སྦྱོར་སྦྲེར་ཐོག་མཁན་པོར་བསྔོ་རྟེན་གཟབས་པ། ཚོགས་སུ་མང་ཇ་དང༌། ཇ་འགྱེད་དང༌། སྤྱི་འབུལ་སོགས་རྒྱས་པར་ཕུལ། གཞིས་ལེན་དང་སྟེར་ཆ་རྒྱས་པར་བྱུང༌། ལས་ཚན་གྲྭ་རིགས་སོ་སོ་ནས་ཀྱང་དངོས་པོའི་ཚན་གྲངས་དང༌། ཉེ་སྐོར་ཆོས་གཞིས་རྣམས་ཀྱིས་སྟེར་ཆ་བཅས་འཕྲད་པར་བྱུང༌། སོ་སོར་གང་འཚམས་ཀྱི་འདོད་པའང་བསྒྲུབས། ཕྱི་ཉིན་གྲྭ་ཚང་གི་ཕུར་པའི་འཆམས་སོགས་རྒྱས་