R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༦
[A:༣༡༦]པར་མཛད་ཅིང༌། དེང་སང་དགེ་ལུགས་སུ་སོང་གཤིས་གང་ཅི་ནས་གྲྭ་འགྲིགས་པ་འོང་པ་ནི་གཞིར་བཅས་ཤིང༌། ཆོས་སྡེ་འདི་སྔ་སོར་དཔྱལ་གྱི་དགོན་པར་སོང་གཤིས་རྟེན་མཆོད་བྱིན་ཆེ་བ་མང་ཞིང༌། ནང་རྟེན་པཎ་ཆེན་ཤཱཀྱ་ཤྲཱིའི་ལྷུང་བཟེད། མདོ་ལེ། དུང་རང་སྐད་མ། ནཱ་རོའི་སྐུ་རྒྱན་སོགས་གཞན་དང་མི་འདྲ་བར་འདུག་པ་རྣམས་མཇལ་ཁ་ཞུས། སྙན་དར་དང་མཆོད་པ་རྒྱས་པར་ཕུལ་ཞིང༌། ཕན་བདེའི་སྨོན་ལམ་དཔྱིས་ཕྱིན་པར་བཏབ། མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམས་ལ་ཚེ་དབང་དང་རྗེས་གནང་ཀྱང་ཕུལ། མ་ཧཱ་ཀཱ་ལ་སྟག་ཞོན་གྱི་རྟེན་ཁྱད་དུ་འཕགས་པར་མཇལ། སྙན་དར་ཕུལ་ཞིང་ཕྲིན་ལས་བཅོལ། འབྱོར་ནུབ་ཤིན་ཏུ་འཚུབས་པ་ཞིག་བྱུང་ཀྱང་རིམ་གྱིས་འཚུབས་ཞི་ནས། རྨི་ལམ་དུ་འཁྲི་མཐོན་པོར་སྡོད་པ་དང༌། དར་འཕྱར་བ་དང༌། དུང་འབུད་པ་སོགས་བྱུང་བ་ནི་ཕྲིན་ལས་རྒྱས་པའི་བརྡར་གོ །དྲག་གྲས་ཁ་ཤས་ཀྱིས་སྐྱེལ་མར་བྱོན། གམ་ལ་ཟེར་བའི་ལ་ཞིག་འདུག་པ་བརྒྱུད་ཕྱིན་སྐབས་རླུང་འཚུབས་ས་གཡོ་བ་ལྟ་བུའི་ཤིན་ཏུ་ཆེ་ཞིང་འཇིགས་ཞུམ་མེ་པ་དང་བཅས་བྱུང་བ་ནི། དཔལ་ལྡན་ལྷ་མོ་བསུ་བར་ཕེབ་པར་སེམས། སྐུ་ཞང་རིན་པོ་ཆེ་དང༌། མཁན་བདེ་བར་གཤེགས་པའི་ཕྱག་མཛོད་བཅས་ཀྱང་བསུ་བར་ཕེབ། ཞྭ་ལུའི་ཆོས་འཁོར་ཤར་ཆེན་དུ་སླེབས། གཞིས་ལེན་རྒྱས་པར་བྱུང་ཞིང་སྐྱེས་མ་གཟབས་པར་ཕུལ། ཚོགས་སུ་མང་ཇ་བསྔོ་རྟེན། བླ་ཁག་སོ་སོར་ཚན་གྲངས་རེ། སྤྱི་འབུལ་རྣམ་གཞག་རྣམས་ཕུལ། བླ་ཁག་རྣམས་དང༌། ཁང་མོ་ཆེ་ལ་སོགས་ཀྱིས་གཙོས་འཕྲད་མི་ཤིན་ཏུ་མང་ཞིང༌། སྟེར་ཆ་གཟབས་པར་བྱུང༌། ཕྱི་ཉིན་རང་བྱོན་ཐུགས་རྗེ་ཆེན་པོ་ཟུང་དང༌། ཡུམ་ཆེན་མོ་སོགས་གཙུག་ལག་ཁང་གི་རྟེན་ཁྱད་པར་ཅན་རྣམས་དང༌། མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་