[A:༣༡༨]དུ་འདུ་བའི་གནས་རྒྱན་གོང་དུ་ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏས་དབུ་སྐྲ་བསིལ་བའི་རྡོ་གཞོང་དང་རྟེན་རྣམས་མཇལ། འདོད་ཁམས་གཙོ་མོའི་ཕོ་བྲང་དུ་ཕྱིན་པར་ཞལ་རས་ལ་མཁན་པོས་ཕྱག་དམ་ཞིག་གནང་སྲོལ་ཡོད་འདུག་ཀྱང༌། དེ་ཉིན་ཞལ་རས་རང་གསལ་དུ་འདུག་པ་མཇལ་བའི་ཚེ་སྐུ་ཞི་ཁྲོ་དྲེའུའི་རྒྱབ་ཏུ་བཞེངས་ནས་འདུག་པར་སྨོན་ལམ་བཏབ་སྟེ་བལྟས་པས། སྐུ་བརྙན་གྱི་རྒྱབ་ཏུ་སྐུ་མདོག་སྔོ་ནག་ཤིན་ཏུ་ཁྲོ་བ་ཞིག་མཐོང༌། འདོད་ཁམས་གཙོ་མོའི་གནས་སུ་ཕྱིན་པའི་ཚེ། །སྐུ་མདོག་ཕྱག་མཚན་ཡང་ཡང་འགྱུར་བ་དང༌། །ཁྱད་པར་དཔལ་ལྡན་ལྷ་མོ་ཉིད་ཀྱི་སྐུ། །མཐིང་ནག་དྲག་ཤུལ་ལྡན་པའི་སྐུ་བརྙན་གྱིས། །རྒྱབ་ཏུ་གསལ་བར་བཞུགས་པ་མངོན་སུམ་མཐོང༌། །ཕྲིན་ལས་བསྒྲུབ་ཕྱིར་བསྟན་ལ་སྤྱན་གཟིགས་དང༌། །མཆོད་གཏོར་རྒྱས་པར་ཕུལ་ཏེ་བསྟན་དར་ཞིང༌། །དགྲ་བགེགས་སྒྲོལ་བའི་ཕྲིན་བཅོལ་བཀའ་བསྒོ་བྱས། །ལས་བཞིའི་སྙན་དར་གཡས་གཡོན་དུ་ཉིན་བདེ་མ་རེ། དཀར་ཡོལ། ཁྲབ་རྨོག །གྲི་སོགས་ཀྱི་སྤྱན་གཟིགས་དང༌། མཆོད་གཏོར། བསྐང་བ་རྒྱས་པར་བྱས་པའི་ཚེ། སྔ་སོར་ཞྭ་ལུ་པ་རྣམས་ཀྱི་མཁའ་འགྲོ་མ་ཡིན་ཟེར་བའི་ཁོག་བ་ཞིག་འདུག་པར་རང་ཕེབ་བསུ་བྱུང་ནས། ལྷ་མོ་རང་གི་སྐྱེ་བརྒྱུད་མང་ཙམ་ཟེར་ཞིང་སྔ་སོར་ཕྲིན་ལས་འདི་དང་འདི་བསྒྲུབས་ཚུལ་གྱི་ཁམ་སྤོ་དང༌། ཕྱིས་ནས་བསམ་དོན་འགྲུབ་པ་དང་བསྟན་པ་རྒྱས་པའི་ལུང་བསྟན་དང༌། ཕྲིན་ལས་བསྒྲུབ་ཚུལ་གནང༌། སངས་འཕྲལ་ཆུ་སྲིན་མ་ཡིན་ཟེར་བ་ཞིག་ཀྱང་ཕེབ། ང་དམར་འདབ་ཕུར་པའི་ལྷ་ཡིན། ཡིད་མི་ཆེས་མི་དགོས། སྔ་སོར་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཕྲིན་ལས་ཀྱང་བྱས། ད་དུང་སྔར་བཞིན་བསྟན་པ་ཉི་མ་ཤར་བ་ལྟར་བྱེད། གཏོར་མ་རེ་ཟུར་དུ་སྟེར་དགོས། གསུང་པས་ཕྱིས་སུ་སྲིད་ཞི་ཀུན་ཁྱབ་མའི་མཇུག་ཏུ་ཤློ་ཀ་གཅིག་གི་ཕྲིན་བཅོལ་བརྩམས། ཕྱག་མཛོད་སོགས་ཀྱི་ཚོང་དུས་འགུར་མོའི་