R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༩
[A:༣༡༩]བར་བསྐྱེལ་ཞིང༌། དེ་ནུབ་ཞག་ས་བྱས། གཡུ་ཐོག་པའི་སྐུ་འབུམ་བཞེངས་པར་རབ་གནས་མཛད་ཉིན། ཨ་རུ་ར་རྣམ་རྒྱལ་གྱི་ཆར་བབས་པའི་ས་ངོ་མཚར་ཅན་དེ་རྒྱང་མཇལ་དང༌། ཡིད་སྤྲུལ་གྱི་མཆོད་པ་དང་བཅས་སྨོན་ལམ་བཏབ། དེ་ནས་རྡོ་རིང་བརྒྱུད་ཆུ་མིག་ཏུ་སླེབས། མཆོད་ཁང་དང་ཆོས་བརྩིགས་རྣམས་གོག་ཉམས་ཤིན་ཏུ་ཆེ་བར་འདུག་ཀྱང༌། བྱིན་རླབས་ཀྱིས་སྣང་བ་བསྒྱུར་ཐུབ་པ་ཞིག་འདུག་པས་སྙན་ཤལ། མར་མེ། སྤོས། ཞལ་ཟས་སོགས་ཀྱི་མཆོད་པ་རྒྱས་པ་དང༌། ཡིད་ཀྱིས་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན་སྤྲོས་ཏེ་འདི་ཕྱི་དང་ཕན་བདེའི་དོན་དུ་སྨོན་ལམ་བཏབ། སྟོབས་འཕྲོག་དབང་པོའི་ཕོ་བྲང་དར་ལུང་གཉན་དུ་ཕྱིན། གཉན་ལོ་ཆེན་པོའི་ཐུགས་དམ་རྟེན་རྡོ་ནག་གི་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་མདུན་དུ་མཆོད་གཏོར་དང་བསྐང་བ་རྒྱས་པར་བྱས་ཤིང༌། སྙན་ཤལ་དང་མཚོན་ཆའི་སྤྱན་གཟིགས་ཕུལ། བསྟན་དགྲ་ཚར་གཅོད་པའི་ཕྲིན་བཅོལ་རྒྱས་པར་བྱས། རང་བྱོན་པས་ཇ་ཞུས་དང་སྟེར་ཆ་བྱུང་བར། ངེད་རང་ནས་ལེན་དུ་ཚན་གྲངས་ཕུལ། དགོན་པ་རྒྱལ་དུ་སླེབས། ལས་ཆེན་དཔོན་གྱི་གཟིམས་ཁང་དུ་བསྡད་ཅིང་གཞིས་ལེན་རྒྱས་པར་བྱུང༌། དགོན་པར་མང་ཇ་དང་བསྔོ་རྟེན་གཟབས་པར་ཕུལ། ཕྱི་ཉིན་ཞོ་མ་ལ་བརྒྱུད་ཕྱིན་པའི་ལམ་དུ་ངེད་རང་གི་རྟའི་རྨིག་འོག་ནས་ཆུ་རྡོལ་ཤིན་ཏུ་ཆེ་བར་བྱུང་བས། ཕྲན་བུས་ཆོས་ཕུལ་བར་བསྟན་རྒྱུན་ལ་ཕན་པ་ཞིག་འོང་སྙམ་པར་ཤར། ཞབས་ཕྱི་དྲག་པ་ལྔ་དང་ངེད་རང་གི་ལྕམ་གྱི་ཞབས་ཕྱི་གཅིག་བཅས་ཆིབས་བསུར་གནང་བ་དང་འཕྲད། འཇམ་དབྱངས་རིམ་བྱོན་གྱི་གནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་འབྱོར། གཡའ་སྐོར་དུ་གཉེར་དཔོན་ལགས་དང་གཟིམས་དཔོན་ལགས་སོགས་སྐུ་འཁོར་དྲག་གྲས་རྣམས་ཀྱིས་མཇལ་དར་བཅས་བསུ་བར་ཕེབ། ཕྱག་མཛོད་འགག་ཏུ་ཕྱག་མཛོད་ཀྱང་