[A:༣༡༧]ཉིད་ཀྱི་དངུལ་གདུང་མཇལ་བར། མ་ནས་དམ་པ་དེ་ཉིད་ཀྱི་ཐུགས་རྗེ་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་ཕྱག་རྫས་ཐོག །གཞུང་ས་ཆེན་པོ་ནས་ཀྱང་ཞལ་འདེབས་དཔངས་མཐོ་བ་བཀའ་དྲིན་བསྐྱངས་སོང་གཤིས་གཞན་དང་མི་འདྲ་བ་ཡོད་བསམས་ཀྱང༌། བློ་ཁ་ཁེངས་པ་རང་མ་བྱུང༌། དངུལ་གདུང་རིན་པོ་ཆེས་གཙོས་རྟེན་རྣམས་ལ་སྙན་དར། སྤོས། མར་མེ་སོགས་མཆོད་པ་རྒྱས་པར་ཕུལ། ཕན་བདེའི་དོན་དུ་སྨོན་ལམ་བཏབ། མགོན་ཁང་མཇལ་བར་ལས་གཤིན་ཡབ་ཡུམ་གྱི་ཞལ་འབག་དེ་ཉིན་ཅུང་ཟད་ཤིག་འདུག །སྙན་དར་ཕུལ་ཞིང་ཕྲིན་བཅོལ་བྱས། རི་ཕུག་གི་གནས་མཇལ་དུ་ཕྱིན། སྐུ་ཞང་གི་ཞལ་ངོ་རྣམས་བསུ་བར་ཕེབ། བླ་བྲང་ཤར་ཆེན་དུ་གཞིས་ལེན་རྒྱས་པར་མཛད། དྲུང་ཆེན་གྱིས་བཞེངས་པའི་མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་སྐུ་ཕྱག་ནས་མས་གཙོས་གནང་སྦྱིན་བྱུང༌། ངེད་རང་ནས་ཇ། གོས་དར་སོགས་ཀྱིས་སྐྱེས་ཀྱང་ཕུལ། གྲྭ་ཚང་དུ་མང་ཇ་བསྔོ་རྟེན་རྒྱས་པར་ཕུལ་ཞིང༌། དཀར་པོ་གྲྭ་ཚང་ལ་སྒེར་དུ་ཇ། གནས་བརྟན་བཅུ་དྲུག་གི་སྐུ་ཐང་ཆེ་བ། མཁར་རྔ་སོགས་སྤྱི་གཞག་བྱས། གཙུག་ལག་ཁང་གི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གཟིམས་མལ་སྐུ་འདྲས་གཙོས་མཁན་བརྒྱུད་ཚང་མར་སྙན་ཤལ་དང་མཆོད་པ་རྒྱས་པར་ཕུལ་ཞིང༌། སྨོན་ལམ་ཀྱང་རྒྱས་པར་བཏབ། དེ་ཉིན་ལྷ་ཁང་དུ་ཚུལ་ཁྲིམས་ཀྱི་དྲི་བསུང་འཕྲོ་བ་དང༌། ཉི་མ་གདུགས་འཇམ་ཞིང་འཇའ་འོད་ཀྱིས་ཁེངས་པ་སོགས་བྱིན་གྱིས་བརླབས་པའི་རྟགས་བྱུང༌། ཆོས་ཁྲིར་ཐམས་ཅད་མཁྱེན་པའི་སྐུ་ཚབ་ཀྱི་སྐུ་བཞུགས་པ་དང༌། ཐུགས་དམ་སྐུ་འབུམ་ཆེན་མོ་སོགས་མཇལ་ཁ་ཞིབ་ཏུ་ཞུས། ཕྱི་དྲོ་དམ་ཅན་རྒྱ་མཚོ་སྤྲིན་བཞིན་