R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༠
[A:༣༢༠]མཇལ་དར་བཅས་ཕེབ་པར་སོ་སོའི་གོ་བབས་དང་བསྟུན་པའི་བཟོས་སྒོ་ཞུས། ཞབས་དྲུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གཟིམས་ཆུང་དུ་འཇོག་པར་གནང༌། འབྱོར་འཕྲལ་ངེད་རང་གི་ལྕམ་ཕེབ་བར་གདན་སའི་བདག་མོར་སོང་གཤིས་ཁྲི་ལས་བབས་ཏེ་ལྡང་བ་སོགས་སྐུ་བཟོས་ཆེ་བར་ཕུལ་ཞིང༌། གཞི་བྱེས་ཀྱི་གནས་ཚུལ་འཕེལ་པར་བྱུང༌། གོང་བཞུགས་སྐུ་ཞབས་ནས་གཟིམས་དཔོན་གནང་ནས། སང་གཟའ་ཚེས་སྟབས་མཇལ་ཁ་གནང་རྩིས་ཡིན་ཚུལ་ཕེབ། སང་ཉིན་གོས་ཁྱད་འཕགས་ཀྱི་གནམ་རྒྱན། འཁར་རྔ་ལེགས་པ། སིལ་སྙན། ཇ། ཇ་རྟ་སོགས་དངོས་པོ་དཔངས་མཐོ་བ་བཅས་ངེད་ཁུ་དབོན་སོ་སོ་དང༌། ཟླའུ་རྣམས་ཀྱིས་ཀྱང་གོས་དར། རྟ་སོགས་རྒྱས་པའི་འབུལ་བ་དང་བཅས་དབང་ཁང་དུ་མཇལ་ཁ་ཞུས་པར། གོང་མའི་སྐུ་ཞབས་ནས་ཀྱང་མཇལ་དར་གནང་བ་སོགས་དབུ་བླ་གཞན་མ་ལས་བཟོས་སྒོ་ཆེ་བར་བཀའ་དྲིན་བསྐྱངས་ཤིང༌། སྟན་མཐོ་བའི་ཐོག་ཏུ་བཀའ་ནན་ལྟར་བསྡད། ལུགས་གཉིས་ཀྱི་བཀའ་འཕྲོས་ཤིན་ཏུ་རྒྱས་པར་བྱུང༌། སྐུ་ཚེའི་རྟེན་འབྲེལ་དུ་ཚེ་དཔག་དཀར་པོའི་རྗེས་གནང་ཞིག་ཐོག་མར་ཕུལ། ངེད་རང་གི་ལྕམ་ལའང་རྟ། ཇ། མཛོ་མོ། །ན་བཟའ་སོགས་སྐྱེས་མ་གྱ་ནོམ་པར་ཕུལ་ཞིང༌། ལྕམ་སྐུ་བགྲེས་པར་རྟ་སོགས་དགུ་ཚན་ཕུལ། ཕྱག་མཛོད། གཉེར་དཔོན། གཟིམས་དཔོན་རྣམས་ལ་རྟ་རེས་གཙོས་པའི་དགུ་ཚན་རེ་དང༌། ཞབས་ཕྱི་གཞན་མ་རྣམས་ལའང་གང་འཚམས་ཀྱི་སྐྱེས་མ་བྱིན། ཕྱི་ཉིན་ནས་བཟུང་སྔ་དྲོ་ཉིན་བསྟར་གསོལ་ཇ་བཞི་རེའི་རིང་ལུང་ཕུལ་བར། ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞི་མ། དཀོན་མཆོག་སྤྱི་འདུས། གུར་དྲག །རྣམ་སྲས་ཞི་དྲག །དུད་སོལ་ལྷ་མོ་སོགས་ཀྱི་པུསྟི་རྣམས་དང༌། དཀྱིལ་ཆོག་རྗེས་གནང་སོགས་ཀྱི་ལུང་ཤིན་ཏུ་མང་བར་ཕུལ། ཕྱི་དྲོ་རྣམ་སྲས་རིགས་ཆེན་བརྒྱད་དང༌། དྲག་པོ་ཐང་ལྷ། ཚེ་རིང་མཆེད་ལྔ་སོགས་