[A:༡༣༡]ཤཱཀྱའི་སྲས་ཀྱི་རྗེས་འཇུག་ངུར་སྨྲིག་རྒྱལ་མཚན་འཛིན་པས་བདག་ཡིད་འཕྲོགས། །དེ་ཕྱིར་ཚེ་འདིའི་ཕུན་ཚོགས་བཞི་མདོའི་རྩ་བཞིན་དོར་ནས་བསྟན་ལ་ཞུགས། །ཡང་ཡང་རྙེད་དཀའི་དལ་འབྱོར་རྟེན་བཟང་འདི། །ལེགས་ལེགས་རྒྱལ་བའི་སྲས་ཀྱི་རྗེས་འཇུག་པར། །མཛེས་མཛེས་ཐུན་མཚམས་གོས་ཀྱིས་བཀླུབས་པ་འདི། །བཟང་བཟང་སྔོན་བསགས་ལེགས་བྱས་མཐུ་ལས་གྲུབ། །སྒྲུབ་པའི་ཞབས་ཕྱིའང་ཟླ་གཅིག་གི་རིང་ཞུས། གོང་མ་ཁུ་དབོན་ལ་ཆོས་སྲུང་གི་ཕྲིན་ལས་དངོས་སུ་གྲུབ་པའི་རྟགས་གཏོར་ཁང་གསར་བསྐྲུན་གནང་བའི་རྒྱལ་མཚན་གྱི་ཏོག་རྣམ་སྲས་ཀྱི་སྤྲུལ་པའི་བཙུན་པ་གཞོན་ནུ་ཞིག་གིས་ཕུལ་ཏེ་གར་སོང་ཆ་མེད་དུ་སོང་བ་དང༌། གཞན་ཡང་དགོས་འདོད་འབྱུང་བ་ནས་བཤད་པའི་ལྟས་ཁྱད་པར་ཅན་དུ་མའང་བྱུང་སོང་ཞིང༌། གཏོར་མའང་དེང་སང་གི་བར་མ་རྙིངས་པར་བཞུགས་པ་ནི་དམ་པ་གོང་མའི་ཐུགས་རྗེས་ངེད་རང་ལ་འདོད་ཡོན་རྒྱ་ཆེར་འཕེལ་ནས་བསྟན་པ་ལ་ཕན་པའི་རྟགས་སུ་སྣང༌།། ༈ ཆུ་ལུག་ལོའི་དབྱར་མཁར་གདོང་ནས་ངེད་རང་དང༌། །ཞང་པོ་ལགས་བཅས་པར་ཨ་མ་ལགས་གཞིས་ཀྱི་ཁུར་མ་ལྕོགས་ཤིང༌། །ཆོས་གཤའ་མ་ཞིག་བྱུང་ན་བསམས་པ་གོང་མ་ཁུ་དབོན་ལ་དགོངས་པ་ཞུ་རོགས་ཀྱིས་གསུང་བྱུང་བ་བཞིན། །གསོལ་བ་བཏབ་པས་ཐུགས་དགྱེས་པའི་ཚུལ་དང་བཅས་འདོད་སྦྱར་གནང་ཞིང༌། གོང་མ་རིན་པོ་ཆེ་ནས་བར་མ་རབ་བྱུང་ཀྱང་སྩལ་ཏེ་རིན་སྡིངས་སུ་བཙུན་མ་རྣམས་ཀྱི་མགོར་གཞུག་པ་ནས་བཟུང་ཐུགས་དམ་འཕེལ་བས་མ་ཎི་དུང་ཕྱེད་གཉིས་ཙམ་སོང་འདུག །ལོ་འདི་ནང་དུ་གཞུང་ས་ཆེན་པོའི་