R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༢
[A:༣༢༢]ཚོགས་ཀྱིས་བར་ཆད་བསྲུངས། །དཀར་ཤཱཀྱ་གྲགས་ཀྱིས་བཞེངས་པའི་རྗེ་བཙུན་ཆེན་པོའི་སྐུ་འདྲ་རིན་པོ་ཆེ་མཇལ་བའི་ཚེ་ལུས་སེམས་བདེ་བ་ཆེན་པོའི་ངང་དུ་ཡུན་རིང་དུ་གནས་པ་སོགས། བྱིན་གྱིས་བརླབས་པའི་ལྟས་ཀྱང་བྱུང༌། ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏའི་ཕྱག་བཟོ་གནང་བའི་འཇམ་དབྱངས་གཟི་འོད་འབར་བ་མཇལ་བའི་ཚེ་ཕྱག་མཚན་ལ་ལྕེས་རེག་པའི་ཚེ་ཐུགས་ཀ་ནས་འོད་ཟེར་འཕྲོས། སྙིང་གར་ཐིམ་པའི་སྣང་བ་གསལ་བར་བྱུང༌། དབུ་རྩེ་རྙིང་མ་མངོན་དགའ་བདེ་ཆེན། བདེ་མཆོག་བདེ་ཆེན་གླིང་གི་ཚོགས་ཁང༌། འབུམ་ཐང༌། གཡུ་ཐོག །འཁོན་དཀོན་མཆོག་རྒྱལ་པོའི་སྐུ་འབུམ། ས་ཆེན་ཕུག །ཕག་མོ་སྒྲུབ་ཁང༌། ཉི་ལྡེ་རྫོང་ཆུང༌། རིན་ཆེན་སྒང༌། གྲང་མོ་ཆེ། བླ་བྲང་ཤར་སོགས་ཀྱི་མཆོད་ཁང༌། མགོན་ཁང་ནུབ། པུ་ཏྲའི་བླ་མཚོ་སོགས་མགོན་ཁང་རྣམས་དང༌། མགོན་ཁང་ཆེན་མོ། །རིག་འཛིན་ཕོ་བྲང༌། རྒྱ་གར། རྒྱ་ནག །གསེར་ཁང༌། གནས་བཅུ་ལྷ་ཁང༌། དབང་ཁང༌། མཚམས་དམར། ཁྱད་འཕགས་ལྷ་ཁང༌། ཁྱད་འཕགས་མགོན་ཁང༌། ཇག་འདུལ་མགོན་ཁང་སོགས། མདོར་ན་དཔལ་ལྡན་ས་སྐྱ་ཉིད་དུ་བཞུགས་པའི་རྟེན་བྱིན་རྣམས་ལན་གཅིག་དང༌། འགངས་ཆེ་བ་རྣམས་ཡང་ཡང་མཇལ། ལྷ་ཁང་རྣམས་ལ་སྙན་དར། སྤོས། མར་མེ། ཞལ་ཟས་སོགས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པས་མཆོད་ཅིང༌། མགོན་ཁང་རྣམས་ལ་སྤྱན་གཟིགས་ཀྱང་རྒྱས་པར་ཕུལ་ཏེ། རྒྱལ་བསྟན་སྤྱི་དང༌། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་གདུང་སྲས་མྱུར་དུ་ཕེབས་ཤིང་བསྟན་པ་རྒྱས་པ་དང༌། གོང་ས་སྐུ་ཞབས་རིན་པོ་ཆེ་ཡས་ཕྱིན་དང༌། སྔགས་འཆང་བླ་མ་ཉིད་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་ཡུན་རིང་དུ་བརྟན་ཅིང༌། འགྲོ་བ་རྣམས་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་ཕྲིན་བཅོལ་ཡིད་ཚིམ་པར་བཏབ། གཉེར་དཔོན་ལས་ཐོག་པས་བཞེངས་པའི་ལྷ་ཁང་ཞིག་ཏུ་ཤིས་བརྗོད་ཀྱི་མེ་ཏོག་གཏོར། མཆོད་ཁང་འདི་བཟོ་བཀོད་ཕུན་སུམ་ཚོགས་ཤིང་