R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༡
[A:༣༢༡]ཟུར་བཀའི་རིགས་ཤིན་ཏུ་མང་བར། དུས་ཀྱི་འཁོར་ལོ། བདེ་མཆོག་བོང་ཞལ་ཅན། ཐིག་ལེ་བཅུ་དྲུག །སངས་རྒྱས་ཐོད་པ་རྣམས་ཀྱི་དབང་རྣམས་ཕུལ། ཚུར་ཡང་སེམས་དཔའ་ཆེན་པོའི་བཀའ་འབུམ། དགོན་གསར་བ་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར། གཙོ་ཆེན་ཆོས་སྣ་དམར་པོ་སྐོར་གསུམ། མགོན་པོད་གྱི་ལྗང༌། བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་སོགས་ཀྱི་ལྗགས་ལུང་དང༌། སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་དྲག་པོ་སྒྲོལ་དབང༌། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མ། དཔྱལ་ལུགས་ཕག་མོ་སྐོར་གསུམ་སོགས་དབང༌། བྱིན་རླབས། འཇམ་དབྱངས་ནག་པོ། གུར་མགོན་ལྷ་བརྒྱད་སོགས་ཀྱི་རྗེས་གནང་ཤིན་ཏུ་མང་བར་ཞུས། སྐབས་ཤིག་གཟིམས་ཆུང་སྟེང་དུ་བཀའ་ཆོས་ཞུ་དུས། སྔགས་འཆང་བླ་མ་ཉིད་འཇམ་དབྱངས་དམར་སེར་པོད་རལ་བསྣམས་པ་ཞིག་ཏུ་མཐོང་ཞིང༌། ནམ་མཁའ་ལ་འཇམ་འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང༌། མེ་ཏོག་གི་ཆར་བབས་པ་སོགས་བྱུང་བའི་ཚེ། སེམས་དགའ་བདེ་བསམ་གྱིས་མི་ཁྱབ་པར་བྱུང་ཞིང༌། བླ་མ་འདི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དངོས་ཡིན་སྙམ་ངེས་པ་གཏིང་ནས་རྙེད་པ་བྱུང༌། འབྱོར་ནས་ཞག་ཤས་སོང་སྐབས་ཆོས་སྡེ་ཕན་ཚུན་དུ་མང་ཇ་བསྔོ་རྟེན་སོགས་གཟབས་པར་ཕུལ། རིམ་གྱིས་མཆོད་མཇལ་བར་གསེང་རྣམས་སུ་བྱས་པར་སྒོ་རུམ་མཇལ་དུས། བསེ་འབག་སྐུ་གཟི་བརྗིད་དང༌། བོང་ཡང་ཆེ་བ། མཐིང་ནག་ཅིག་ཏུ་མཐོང་བ་བསྟན་པ་རྒྱས་པའི་བརྡར་གོ །སྐབས་ཤིག་བསེ་འབག་འཇལ་དུ་ཕྱིན་པར་གོང་མ་གསུང་བསྐང་ལ་ཕེབ་འདུག་པ་དང་འགྲིགས་པས་སྐུ་མདུན་དུ་བཀའ་བསྒོ་ཞུས་པས་རྒྱས་པར་སྩལ། བར་ཆད་ཀྱི་གཡུལ་ལས་རྒྱལ་སོང་སྙམ་པའི་གདེང་ཡང་རྙེད། རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་ཡི། །རྒྱལ་བའི་བསྟན་སྲུང་མཆོག་དེར་བཀའ་བསྒོས་ཚེ། །རྒྱལ་བས་རྗེས་བཟུང་སྔགས་འཆང་བདག་ཉིད་ལ། །རྒྱལ་ཀུན་སྲུང་མའི་