[A:༣༢༣]འགངས་ཆེ་བ་ཞིག་འདུག་ཅིང་ཕྱིས་སུ་གདན་སར་ཕུལ་འདུག་པས། ཕར་གང་འཐོབ་བྱེད་མཁན་ཚོ་དང་མི་འདྲ་བའི་ཞབས་ཕྱིར་འགྱུར་བར་སེམས། གོང་སྐུ་ཞབས་སྐུ་ཅུང་ཞིག་ལྟེམ་པའི་ཚུལ་བྱུང་བར། ཚེ་དབང་བརྒྱ་རྩ་སོགས་སྐུ་རིམ་བར་ཆད་ཞི་བའི་ཐབས་དང་རྟེན་འབྲེལ་སོགས་ཞུས་ཤིང༌། དེའི་རིང་ཆོས་དབར་བྱས། ངེད་རང་གི་ལྕམ་ལ་སོར་འབྲང༌། ཚེ་རིང་མཆེད་ལྔ། ཐང་ལྷའི་ཟུར་བཀའ་སོགས་རྗེས་གནང་མང་བར་ཕུལ། མཁན་ཆེན་བཟང་པོ་རྒྱལ་མཚན་ལ་ཀུ་རུ་ཀུལླེ་ཚར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་ཞུས། དབོན་ལ་ཀུན་མཁྱེན་སྔགས་འབུམ་གྱི་ལུང་གནང་དགོས་ཚུལ་ཞུས་ཤིང་བཀའ་དྲིན་བསྐྱངས་པར་པུསྟི་ཕྱེད་གསུམ་ཙམ་སོང་འདུག །གོང་སྐུ་ཞབས་སྐུ་དྭངས་ནས་བསམ་གླིང་དུ་འཕྱར་ཆེན་གྱིས་མངའ་གསོལ་གནང་བར་ཕེབ་པའི་ཞབས་ཕྱིར་བསླབ་སྟོན་ལྟར་ཕྱིན་ཞིང༌། རྟ་རྒྱུག་པ་ཚོར་མགྱོགས་དར་སོགས་ཀྱི་སྟེར་ཆ་བྱས། མགོན་ཁང་དུ་སྤྱན་གཟིགས་སྙན་དར་ཕུལ་ཞིང་ཕྲིན་བཅོལ་དང་ཉིན་སྐོར་བྱས། བཀའ་ཆོས་ཚུར་གནང་བ་རྣམས་གཞན་དང་མི་འདྲ་ཞིང༌། ཁྱད་པར་དྲག་པོ་སྒྲོལ་དབང་གནང་དུས། སྐུ་འཆམས་སོགས་གཞན་གྱི་འཆམས་མཁས་ཟེར་བ་སོགས་དང་མི་འདྲ་བའི་སྐུ་གཟི་བརྗིད་ཤིན་ཏུ་ཆེ་བ། ཉི་མ་བྱེ་བའི་འོད་ཀྱང་ཟིལ་གྱིས་གནོན་ནུས་པ་ལྟ་བུ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་ཤིན་ཏུ་རྒྱས་པར་སྩལ། ངེད་རང་ལ་ནད་རོས་ཅུང་ཟད་འཚེ་བར་ངེད་རང་གི་ལྕམ་ནས་རྟེན་འབྱུང་རིམ་གྲོ་སོགས་རྒྱས་པར་མཛད། གོང་སྐུ་ཞབས་ནས་ཚེ་དབང་ལྕགས་སྡོང་མ་བརྒྱ་རྩ། སྨེ་བརྩེགས་ཀྱི་བྱབ་ཁྲུས། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་རྣམས་སྩལ་ཞིང༌། འཚོ་བྱེད་ལྕམ་འདི་ངེད་རང་གི་ནད་རོར་ལས་འབྲེལ་ལྟ་བུའི་སྔ་སོར་ནས་འཕྲོད་ངོ་ཤིན་ཏུ་ཆེ་བ་ཞིག་འོང་གིན་ཡོད་གཤིས་ད་ལམ་ཡང་འཕྲོད་བསྟེན་གྱིས་རིམ་བདེར་སོང༌། གནས་ལྔ་མཐར་ཕྱིན་