R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༦
[A:༣༢༦]སྤྱི་བོར་ཕེབ་ཅིང༌། ཆོས་སྐྱོང་ནས་ཀྱང་གསུང་ཤོག་གནང་འདུག་པ་དང༌། འཚོ་བྱེད་ཀྱིས་ཀྱང་ཕྱིན་པ་འགབ་ཚུལ་གསུང་བ་བཅས་གོང་དུ་དགོངས་པ་ཞུས་པར། དེ་བཞིན་འོང་ཚུལ་ཕེབ། འོང་ཁར་སྐུ་ཚེའི་རྟེན་འབྲེལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་ཚར་ལུགས་ཇི་བཞིན་དང༌། སྟོབས་འཕྲོག་དབང་པོའི་ཚེ་སྒྲུབ་ཐུན་མོང་མིན་པ་ཕུལ། ཚུར་རྭ་པོད་ཀྱི་དབུས་ནས་ཤོག་བུ་ཁ་ཤས་འཕྲོས་རྗེས་མ་འོང་དུས་གནང་ཞེས་རྟེན་འབྲེལ་བསྒྲིག་པ་གནང་ཞིང༌། སེར་གོས་ཆས་ཆ་ཚང༌། ཆིབས་སྒ་འཁོར། བུར་ལྟང༌། འབྲས་ལྟང༌། དར་གོས་ཆེན། རས་སོགས་དཔངས་ཤིན་ཏུ་མཐོ་བ་ཆོས་ཡོན་གྱི་ཚུལ་དུ་སྩལ་ཞིང༌། དབོན་ལའང་གོས་ཆ་ཚང་སོགས་གནང་སྦྱིན་རྒྱས་པ་དང༌། ཟླ་བོ་རྣམས་ལའང་གང་ལ་གང་འཚམས་ཀྱི་གནང་སྦྱིན་སྩལ་སོང༌། ངེད་རང་གི་ལྕམ་ནས་ཀྱང་ངེད་སོ་སོར་བྱིན་རྟེན་དང༌། བུར་ལྟང༌། རས་སོགས་ཀྱི་རྫོང་བ་རྒྱས་པ་དང༌། ཞབས་ཕྱི་སྐུ་དྲག་རྣམས་དང༌། ལྕམ་གྱི་ཕྱག་གཡོག་རྣམས་ཀྱིས་གང་འཚམས་ཀྱི་རྫོང་བ་ཤིན་ཏུ་རྒྱས་པར་བྱུང༌། སོ་སོར་གཙོ་ཆེར་བསྟན་པའི་ལར་རྒྱ་དང༌། གོང་མ་ཞབས་དྲུང་རིན་པོ་ཆེའི་ཞབས་ཕྱིར་གང་འགྱུར་དགོས་པའི་འཕྲོས་ཤིན་ཏུ་ཞིབ་པར་ཞུས། འོང་ཉིན་དམ་རྫས་ཁྲི་རྡོ་སོགས་བྱིན་རྟེན་མང་བ་བཅས། ཕྱག་མདུད། དབོན་དང་གཡོག་རྣམས་ལའང་ཕྱག་མདུད། བྱིན་རྟེན་སོགས་སྩལ་ཞིང་ལུས་ཀྱི་འཚོ་སྐྱོང་དང༌། གང་ཅི་ནས་ཞབས་ཕྱི་གང་འགྱུར་དགོས་ཚུལ་གྱི་བསླབ་སྟོན་ཞིབ་པར་སྩལ། ཕར་ཡང་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་དོན་དུ་ཞབས་པད་ཡུན་རིང་བརྟན་ཅིང་གསུང་གི་བདུད་རྩི་འགྲོ་བ་རྣམས་ལ་སྩོལ་བཞིན་པ་ནས་བསྟན་པའི་འཛིན་སྐྱོང་སོགས་ལུགས་གཉིས་ཀ་