R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༥
[A:༣༢༥]བཀའ་དྲིན་བསྐྱངས། ཆུ་དེ་གཟུགས་བཞིར་ཤིན་ཏུ་གནོད་པར་འདུག་ཀྱང༌། ཆོས་བདག་པོར་ཕུལ་གྲུབ་པས་སེམས་ཁ་རྫོགས་པ་ཞིག་བྱུང་ཞིང༌། ན་སོའི་སྟབས་ཡང་ཡང་སླེབས་མ་ཐུབ་གཤིས་ནན་བསྐྱེད་ཀྱིས་ཟླ་བ་བཞིའི་རིང་ཕར་ཕུལ་ཚུར་ཞུ་སོགས་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་རོ། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གུར་ཁྱིམ་ནས། །བསིལ་ལྡན་འགྲོ་ལ་རྗེས་ཆགས་འཇམ་མགོན་གྱི། །སྣང་བརྙན་སྐུའི་བཀོད་ཟློས་གར་རིམ་བསྒྱུར་བའི། །ཡ་མཚན་ཞིང་མཆོག་དམ་པའི་གདན་ས་ཆེར། །ངེས་པ་དོན་ལྡན་འཇམ་མགོན་གོང་མའི་དྲུང༌། །བསྐལ་བཟང་དགེ་སྦྱོར་ངུར་སྨྲིག་གོས་ཅན་ཀྱང༌། །སྔོན་བསགས་ལས་དབང་ལྡན་པའི་ལེགས་བྱས་ཀྱིས། །གསུང་གིས་འཚོ་བའི་དགའ་སྟོན་གནས་སྐབས་འདིར། །ལེགས་པར་བསམས་ན་དེང་ནས་བྱང་ཆུབ་བར། །མི་འབྲལ་ཐུགས་རྗེའི་སྤྱན་གྱིས་གཟིགས་སམ་སྙམ། །སྙན་བརྒྱུད་མ་དྲོས་ཚངས་པའི་རལ་ཀླུང་ལས། །བདག་འདྲའི་ཐོས་ཆུང་ཟིལ་དངར་ཕྲ་མོས་ཀྱང༌། །དམ་པའི་ཐུགས་བསྐྱེད་ཡེ་ཤེས་བུམ་བཟང་གི །ཆ་ཤས་ཡོངས་སུ་ཁེངས་འདི་ངོ་མཚར་གནས། །ཇི་སྙེད་གསུང་གི་གསང་བ་དབྱར་སྐྱེས་སྒྲ། །བདག་ཅག་མདོངས་མཐའི་སྒྲ་འཛིན་ལ་འགྱེད་ན། །བླ་གོས་སྒྲོ་གཤོག་འཕྲུལ་གྱིས་དགའ་བའི་གར། །ཅི་ནས་མི་སྒྱུར་སྙོམ་ལས་དལ་བ་སུ། །ཨ་ཧོ་འདི་འདྲའི་སྐལ་བཟང་རབ་སྙན་གླུ། །ཇི་བཞིན་རྫོགས་པར་བླངས་ན་དབྱངས་ཅན་གྱི། །རྒྱུད་སྟོང་ཕང་འགྲོའི་སྒྲ་དང་དྲི་ཟའི་གླུ། །སྙན་པར་སེམས་པ་ཕལ་ཆེར་རྫུན་དུ་ཐལ། །དེ་ནས་དགོན་གནས་དང་གཞི་ནས་མྱུར་དུ་འོང་དགོས་ཚུལ་གྱི་ཡི་གེ་བྱུང་བ་དང༌། ལྷག་ཏུ་གོང་ས་ཆེན་པོ་ནས་མགྱོགས་ཙམ་འོངས་ན་འགབ་པའི་བཀའ་ཤོག་རིན་པོ་ཆེ་