[A:༣༢༧]ནས་སྔར་ལུགས་གཡོ་མེད་གནང་དགོས་ཚུལ་སོགས་ཤིན་ཏུ་རྒྱས་པར་ཞུས། འོང་ཁར་བཀའ་བསྒོ་ཞུས། སྐུ་ཞབས་ནས་འོང་མི་ཕོད་པ་ལྟ་བུ་བྱུང༌། སྔགས་འཆང་བླ་མ་ཉིད་ཀྱང་ཐུགས་འཕྲེང་བའི་ཚུལ་གནང་བ་ནི་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་བརྡར་གོ །ངེད་རང་གིས་ལྕམ་གྱི་གཟིམས་ཆུང་དུ་ཕྱིན། འཕྲལ་ཡུན་ཀུན་ཏུ་ཕན་པའི་བསླབ་བྱ་བྱས་ཤིང༌། རྟེན་འབྲེལ་གྱི་སྟོབས་གཟིམས་ཆུང་གི་སྒོ་ནང་ནས་བཞུགས་ཞུས་པ་བཞིན་མཛད་སོང༌། ཞབས་ཕྱི་རྣམས་ཀྱིས་སྐྱེལ་བ་སོགས་ཤིན་ཏུ་རྒྱས་པར་གནང་ཞིང༌། དར་རྒྱས་སོགས་ཆིབས་སྐྱེལ་བ་མང་ཙམ་གྱིས་ལ་རྩེའི་བར་སྐྱེལ་མ་བྱས་ཤིང་སོ་སོར་སྟེར་ཆ་བྱས། དཔལ་མགོན་གྱི་བླ་རྡོར་ཁའུར་མཐོང་སྣང་བྱུང་བ་བཞིན་སྐུ་བྲིས་པ་དེ་ལུས་ཤིང༌། ཆར་བབས་པ་སོགས་ལྟས་ཀྱང་ལེགས་སྙམ་པ་མང་དག་བྱུང༌། དེ་ནུབ་བཀྲ་ཤིས་རྟགས་བརྒྱད་དུ་བསྡད། རིམ་གྱི་སྣར་ཐང་དུ་སླེབས། རྟེན་རྣམས་ཞིབ་པར་མཇལ་ཞིང་སྙན་དར་མཆོད་པ་རྒྱས་པར་ཕུལ། ས་ལུགས་ཀྱི་གྲྭ་ཚང་ལ་མང་ཇ་བསྔོ་རྟེན་ཀྱང་ཕུལ། གཞིས་རྩེར་འབྱོར། ཚོ་དཔོན་པའི་སར་གནས་ཚང་བྱས། རྫོང་ནས་ཟུར་གསོས་སོགས་རྒྱས་པར་བྱུང༌། ཕར་རྫོང་བཞུགས་སོ་སོར་སྐྱེས་རྒྱས་པར་ཕུལ། རིམ་གྱིས་འོང་པའི་ལམ་གཙང་འགྲམ་ལྷ་ཁང་དུ་ཕྱིན། རྟེན་རྣམས་མཇལ་ཞིང་སྙན་ཤལ་མཆོད་པ་རྒྱས་པར་ཕུལ། བསྟན་འགྲོའི་དོན་དུ་སྨོན་ལམ་ཡང་དག་བཏབ། དེ་ནུབ་གདན་ས་ཆེན་པོ་རྩེ་གདོང་དུ་སླེབས། གསོལ་དཔོན་སོགས་ཆིབས་བསུ་གནང་བ་དང་འཕྲད། བླ་བྲང་སེར་མོར་སླེབས་དུས་དྲུང་འཁོར་རྣམས་ཀྱིས་མཇལ་དར་བཅས་བསུ་བར་བྱུང༌། རྒྱལ་ཡུམ་ཉིད་ཀྱང་སྐས་མགོར་བསུ་བར་ཕེབ་པར་མཇལ་དར་དང་སྐུ་བཟོས་ཞུས། གཟིམས་ཆུང་འགག་ཏུ་འཇམ་མགོན་སྐུ་