[A:༣༢༨]མཆེད་མཇལ་ཏེ་མཇལ་དར་ཕར་ཕུལ་ཚུལ་གནང་ཞུས། གཟིམས་ཆུང་དུ་གསོལ་ཇ་བཞིའི་རིང་ལུགས་གཉིས་ཀྱི་བཀའ་ལུང་ཞིབ་པར་གྱུར། ཕྱི་ཉིན་རྟ་ཤིན་ཏུ་ལེགས་པ། དར་གོས། རས་སོགས་འབུལ་ཚན་རྒྱས་པར་ཕུལ། ཡུམ་དྲུང་ལ་ཚན་གྲངས་དང༌། ཞབས་ཕྱི་རྣམས་ལའང་སོ་སོར་སྟེར་སྦྱིན་བྱས། སྟོན་མོ་དཔངས་མཐོ་བ་སྩལ་ཞིང༌། དཔོན་སོགས་ལ་ཁྲི་ཆེན་ནས་གྲུབ་ཐོབ་ཆེན་པོའི་ལུགས་ཀྱི་ཚེ་དབང་ཞིག་སྩལ་སོང༌། ཕྱི་ཉིན་ལྷུན་པོ་རྩེར་སྐུ་ཞབས་སུ་མཇལ་ཁར་ཕྱིན་དུས། ཞབས་ཕྱི་རྣམས་ཀྱིས་མཇལ་དར་བཅས་བསུ་བར་མཛད། རྟ་སོགས་འབུལ་དཔངས་མཐོ་བར་ཕུལ། བྱང་གཏེར་གྱི་ཚེ་དཔག་མེད་ཀྱི་ཚེ་དབང་ཞུས། འོང་ཁར་གནང་སྦྱིན་བྱིན་རྟེན་སོགས་རྒྱས་པར་གནང་ཞིང༌། ལུགས་གཉིས་ཀྱི་བསླབ་སྟོན་བཀའ་དྲིན་བསྐྱངས། ཕར་ཡང་ཞབས་པད་ཡུན་རིང་དུ་བརྟན་ཅིང་བསྟན་པའི་འཛིན་སྐྱོང་སོགས་སྙན་འབུལ་ཞུས། ཆོས་སྡེ་དང་ཀླུ་སྡིངས་དུས་མཆོད་མཇལ་དུ་ཕྱིན། རྟེན་རྣམས་ལ་སྙན་ཤལ་མཆོད་པ་སོགས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པས་མཆོད། བླ་བྲང་དུ་འབྱོར་ནས་ཞབས་དྲུང་སྐུ་མཆེད་ལ་ཚེ་དབང་ཞིག་ཕུལ། དར་རས་སོགས་གནང་སྦྱིན་རྒྱས་པར་སྩལ། ཕྱི་ཉིན་བསྟན་འགྲོའི་དཔུང་གཉེན་དུ་ཞབས་པད་ཡུན་རིང་དུ་བརྟན་ངོས། བསྟན་པའི་འཛིན་སྐྱོང་སོགས་ལུགས་གཉིས་ཀྱི་སྙན་འབུལ་རྒྱས་པར་ཞུས་ཏེ། ཕྱིར་འོང་སྐབས་སྐྱེལ་མར་རྡོ་གཅལ་བར་ཕེབ། སོ་སོའི་ཕྱག་མཛོད་ཁག་སོགས་ཀྱིས་རྒྱང་ཙམ་བར་རྟ་སྐྱེལ་མཛད། དར་རས་སོགས་ཀྱི་སྟེར་ཆ་བྱས། དེ་ནུབ་འཚལ་དུ་བསྡད། རིམ་གྱིས་སྒོ་བ་ལ་བརྒྱུད་ཡངས་པ་ཅན་དུ་འབྱོར། ཡ་གིར་ཆུའི་སྟབས་ལམ་དུའང་གཟུགས་གཞི་བདེ་བ་རང་ཞིག་མ་བྱུང་བས། འཕྲོད་རེས་ཟླ་བོ་མང་མ་རྣམས་སྟོད་ལུང་ཕྱོགས་སུ་བཏང༌། ངེད་དྲུག་ཙམ་གྱིས་ཡོ་རེའི་ཆུ་ཚན་དུ་ཕྱིན་