R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༣༢
[A:༡༣༢]མཚན་ཇུས་ཀྱི་ཉི་མ་ཤར་བས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཁྲི་སྐོར་བཅུ་གསུམ་ཕུལ་ཏེ་ལྷར་བཅས་འགྲོ་བའི་སྐྱབས་མགོན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའི་འཁོར་ལོ་འཛམ་གླིང་ཀུན་ཁྱབ་པས་ལུགས་གཉིས་ཀྱི་སྒོ་ནས་སྐྱེ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་ལ་འགྲན་བཟོད་པ་གནང་བའི་ལེགས་འབུལ་དང༌། དགོན་མ་ལག་ཆོས་གཞིས་བཅས་ཀྱིས་རིགས་སྔར་ལུགས་བཞིན་འཇགས་པའི་གཏན་ཚིགས་རིན་པོ་ཆེ་ཞུ་བར་གོང་མར་ཁུ་དབོན་ཕེབ་སྐབས་ངེད་རང་རིན་སྡིངས་ལ་དཔེ་མཚམས་སུ་ཨ་མ་ལགས་ཀྱི་སར་སླེབ་དོན་བཞིན་བསྡད། ཁམས་གསུམ་འགྲོ་བའི་མགོན་པོའི་རིགས་བརྒྱའི་ཁྱབ་བདག་ཆེན་པོ་དང་མཆོད་ཡོན་ནས་སྔར་བབས་ལ་གཟིགས་པའི་ལུགས་གཉིས་ཀྱི་སྤྱན་རྒྱང་བདག་རྐྱེན་དགོན་མ་ལག་ཆོས་གཞིས་དང་བཅས་པ་འཇགས་གནས་ཀྱི་གཏན་ཚིགས། སྐུ་བེར་སོགས་བླ་ཆས་རྒྱས་པ། གསེར་དངུལ། ཇ། གོས་དར། གསེར་སྒ། རྟ་སོགས་ཀྱི་གནང་སྦྱིན་བཀའ་དྲིན་བསྐྱངས་ཏེ་ཕྱིར་ཕེབ་པ་དང་མཇལ། ལོ་འདིའི་དགུན་ཁམས་འགྲུལ་བ་ཁ་ཤས་འབྱོར་བ་དང༌། ཨ་མ་ལགས་ཀྱིས་ལམ་འབྲས་ཀྱི་བཀའ་ཆོས་བཀའ་དྲིན་བསྐྱངས་དགོས་ཚུལ་ཞུས་པར་བརྟེན་རྫོང་ཤར་གྱི་འདུ་ཁང་དུ་ཚོགས་ཆེན་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་རྒྱུ་ལམ་གྱི་དབང་བདག་མེད་མའི་བྱིན་རླབས། ལམ་ཟབ་དང༌། བིར་སྲུང་ཕྱི་མ། པོད་སྔོན་མའི་ལུང་བཅས་གནང་བ་ཐོབ་ཅིང༌། སྣང་གསུམ་གྱི་སྐབས་གྲང་དམྱལ་གྱི་ལོ་རྒྱུས་ཀྱི་ཆོས་ཐུན་སྩལ་སྐབས་དགོང་མོ་རྨི་ལམ་དུ་གྲང་དམྱལ་གྱི་གནས་སུ་སླེབས་