R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༠
[A:༣༣༠]སོགས་ཀྱི་བཀའ་འདྲི་ཞིབ་ཏུ་སྩལ། གཟིམས་ཆུང་འགག་ཏུ་དགེ་སློང་ངག་དབང་དཀོན་མཆོག་ལགས་བརྒྱུད་ནས་གོང་ས་སྐྱབས་མགོན་ཆེན་པོའི་ཕྱག་མཇལ་རྟེན་རྣམས་ཕུལ། གདན་སར་ཆོས་གང་ཕུལ་སོགས་བཀའི་འདྲི་བ་མང་ཙམ་བཀའ་དྲིན་བསྐྱངས། ཐོན་ཕྱག་ནོར་བུ་གླིང་ཁར་གནང་ཞིང་ཆོས་ཀྱི་དྲི་བའང་སྩལ། སྟོན་མོ། གནང་སྦྱིན། ཟུར་ཆས་བརྩེ་བས་བསྐྱངས་ཤིང་ཕྱིར་འབྱོར། རབ་བྱུང་བསྙེན་རྫོགས་སོགས་རྒྱུན་གྱི་བྱ་བ་རྣམས་དང༌། སྟོན་ཞབས་དྲུང་དཔོན་སློབ་ནས་འབུལ་སྐྱེལ་དུ་རབ་བརྟན་ཅན་འབྱོར་བར་རྟ་ཕྱུགས་སོགས་རྩིས་སྤྲོད་བྱུང་ཞིང༌། ཁམས་བྱང་གི་འབུལ་པ་མང་བ་དང༌། སྡེ་དགེ་དབོན་པོ་ཀུན་དགའ་རབ་བརྟན་སྐུ་མ་འཚོ་བའི་བསྔོ་རྟེན་སྐྱེ་ཁ་མི་འབྱོར་འཕྲལ་གསེར་དྲེའུ་སོགས་ཀྱི་རྟེན་རྒྱ་ཆེ་བ་དང༌། དབོན་པོ་བསོད་ནམས་ཀྱི་དྲེའུ་ཇ་བཅས་བྱུང་བར་དགེ་བ་རྫོགས་བྱང་དུ་བསྔོས་ཉན་པོ་ནས་ཡབ་ཀྱི་གཤེགས་རྫོང་གི་ཚོགས་དབུར་འོང་དགོས་ཚུལ་གནང་བ་བཞིན་ཕྱིན། བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་དང༌། བྱང་བུ་སོགས་ཞུས། རྙེད་བཀུར་དང་གནང་སྦྱིན་དཔངས་མཐོ་བར་སྩལ། དགུན་དུས་མཆོད་སོགས་སྔར་ལྟར་དང༌། མཛོད་པར་ཆུ་མ་འཕྲོད་པས་ཕྱིར་འབྱོར་པ་དང་འཕྲད། འདི་ལོ་བྱང་དུ་ཁ་སྟིབ་ཚན་ཆེ་བ་སྔར་མ་གྲགས་པ་ཞིག་བྱུང་འདུག་པས་ཁོང་དཔོན་སློབ་ཀྱང་རྙེད་འཚོལ་གནང་དཀའ་བར་བྱུང་འདུག །ཨོར་ཐོག་ཏུ་ཕེབ་ཁར་བླ་མ་བསམ་འཕེལ་འབུལ་སྐྱེལ་དུ་རྫོང་བདའ་གནང་བ་ཁ་བའི་སྟབས་ལམ་དུ་འགོར་ཆེའང་སྐྱོན་མེད་དུ་འབྱོར། ཁོང་དཔོན་སློབ་ཀྱི་སར་བང་ཆེན་ཡང་ཡང་བཏང༌། ལོ་མཇུག་གི་བསྐང་བ་ཁྲི་ཚར་སོགས་དང་དགོན་ལག་གི་བྱ་བ་རྣམས་དཀྱུས་བཞིན་བྱས།། ༈ ཆུ་སྤྲེལ་ལོར་ལོ་གསར་དང༌། ཟླ་བ་གསུམ་པའི་ནང་དུ་མཛོད་པ་སོགས་ཁོང་དབོན་