[A:༣༣༢]ཆ་ལག་སོགས་ཚ་མོ་ངོ་མ་དང་ཆ་འདྲ་བསྒྲིགས་ནས་རྫོང་བདའ་བྱས། ཁམས་ཀྱི་འབུལ་སྐྱེལ་ཤེས་རབ་པ་ཅན་ཡི་གེ་དང༌། དར་རས། སྣམ་བུ་བཅས་རྫོང་བདའ་བྱས་ཤིང༌། སྒོམ་ཁང་དུ་ཕྱིན། སྟོན་ཨ་མདོ་ནས་ཆོས་རྗེ་ཀུན་དགའ་བསྟན་འཛིན་དཔོན་སློབ་ཉིས་བརྒྱ་སྐོར་འབྱོར་བར་མགྲོན་གཉེར་དང༌། དགོན་གནས་ཀྱི་བླ་ཁག་ལས་ཚན་བཅས་ཆིབས་བསུར་རྫོང་བདའ་དང༌། ཨ་མདོ་ཁམས་ཚན་དུ་འབྱོར་འཕྲལ་ཇ་ཞུས། ཕྱི་ཉིན་བཅོ་བརྒྱད་དུ་གཞིས་ལེན་རྒྱས་པར་ཞུས། ཞག་ཤས་རིང་ཉིན་བསྟར་འགྲུལ་བསྡེབས་གྲྭ་རིགས་རྣམས་ཀྱི་ཚོགས་སུ་ཆོ་ག་དང་མང་ཇ་ཅི་རིགས་ཐོག །ངེད་རང་བོས་ཏེ་བསྔོ་རྟེན་རྒྱས་པར་བྱུང་ཞིང༌། དགེ་བ་རྫོགས་བྱང་དུ་བསྔོས། ཆོས་རྗེ་རང་གི་ཚོགས་སུ་ཆོ་ག་སྟོང་རྩ་མཛད་དུས་ཉིན་རེ་བཞིན་ཚོགས་སུ་བོས། བྱང་བུ་བསྔོ་སྨོན་ཉིན་བསྟར་བྱས། གྲོལ་ཉིན་གདུགས། རོལ་མོ། མཆོད་རྫས་མང་བ། རྟ། ཇ། རས་དར་སོགས་དངོས་པོའི་བརྒྱ་འབུལ་མཛད་པར་ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་རྒྱས་འདེབས་བྱས། ཆོས་རྗེ་དཔོན་སློབ་ལ་སྟོན་མོ་རྒྱས་པར་ཞུས། ཁྱུང་འབུམ་ནས་འབུལ་སྡུད་བླ་མ་བྱམས་པ་བཟང་པོ་ཁུ་དབོན་དཔོན་སློབ་འགྲུལ་བསྡེབས་མང་བར་བཅས་འབྱོར་ཞིང༌། རྟ་དྲེལ། ཇ། རྒུན་ཟངས་སོགས་རྩིས་སྤྲོད་ཤིན་ཏུ་རྒྱས་པར་བྱུང༌། སྣེ་ལེན་གཟབས་པར་བྱས། འདུས་ཚོགས་ལ་ཆོ་ག་མཛད་པར་ཕྱིན། བྱང་རྟེན་དངོས་པའི་འབུལ་བ་རྒྱ་ཆེར་བར་མཛད་ཅིང༌། དགེ་རྩ་བྱང་ཆུབ་ཏུ་བསྔོས། ཕྱོགས་ནས་འབྱོན་མི་བླ་མ་རྣམས་དང་ངེད་རང་བཅས་ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་ཕྱིན། གོང་ས་ཆེན་པོའི་མཇལ་རྟེན་རྣམས་གཟིམས་ཆུང་འགག་ཏུ་ཕུལ། དགེ་སློང་རིན་ཆེན་བརྒྱུད་བཀའ་འདྲི་མང་བར་སྩལ།