R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༣
[A:༣༣༣] ས་དབང་ཆེན་མོའི་མཇལ་ཁ་རྒྱས་ཤིང༌། འབྲས་སྤུངས་བདེ་ཡངས་པའི་རིགས་གྲྭའི་སྐུ་མགྲོན་ལ་ཆིབས་ཁ་བསྒྱུར་བའི་ཞབས་ཕྱིར་བསླབ་སྟོན་ལྟར་ཕྱིན། སྟོན་མོ་སོགས་བཀའ་དྲིན་ཆེ་བར་གནང༌། མགྲོན་གཉེར་ལགས་དང་ཞབས་ཕྱི་དྲག་པ་རྣམས་ལ་རྟ་སོགས་འབུལ་ཚན་ཅི་རིགས་ཕུལ། ཚང་མས་ཇ་འདྲེན་དང་མཚམས་འདྲི་ཀྱང་གནང༌། དགེ་སློང་རིན་པོ་ཆེར་ཐུགས་བཞེད་ལྟར་ཆོས་ཁ་ཤས་ཕུལ། ཆོས་རྗེ་དང་འབུལ་སྡུད་བླ་མ་བཅས་ལའང་མཇལ་ཁ་བདག་རྐྱེན་བཀའ་དྲིན་ཆེ་བར་སྩལ་སོང༌། ཁོང་གཉིས་ལ་གོང་ས་ཆེན་པོའི་བཀའ་ཤོག་ཞུས་པར་ཤིན་ཏུ་བཙན་པ་དང༌། ཆོས་རྗེར་ཆོ་ལོ་བཅས་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱངས་ཤིང༌། ཐོན་ཕྱག །ཟུར་ཆས། གནང་སྦྱིན་སོ་སོར་རྒྱས་པར་བཅས་ཕྱིར་རྫོང་གནང༌། ཚུར་ལམ་གཞིས་ཁར་སྡེ་པ་ཨ་འབར་ལགས་སྐུ་ཞབས་མཇལ་བར་ཕྱིན་ཞིང༌། རྟ་སོགས་འབུལ་རྟེན་རྒྱ་ཆེ་བར་ཕུལ། མཇལ་ཁ་བདག་རྐྱེན་ཆེ་བ་བཀའ་དྲིན་བསྐྱངས། ཕ་བོང་ཁར་གྲུབ་པའི་དབང་ཕྱུག་གྲུབ་བརྒྱ་སྒྲུབ་ཆེན་སྐུ་ཞབས་ལ་ཕྱིན། ཇ་སོགས་སྐུ་རིམ་སྒྲུབ་རྟེན་ཕུལ་ཞིང༌། གང་ཅིའི་གསུང་གླེང་རྒྱས་པས་འབྱམས་ཀླས་པར་གྱུར། དགོན་གནས་སུ་འབྱོར་འཕྲལ་ལོ་དུས་ཀྱི་བྲེལ་བ་དུས་ཆེན་ཁག་སོགས་ལོ་མཇུག་གི་རིམ་གྲོ་དང༌། རབ་བྱུང་བསྙེན་རྫོགས་བཅས་ལུགས་གཉིས་རྣམས་རིམ་སེལ་བྱས། ཆུ་བྱ་ལོར་གསར་ཚེས་ཀྱི་ལོ་གསར་དང༌། ཀེག་ཐོག་ཏུ་སོང་གཤིས་ཚེ་སྒྲུབ་ཀྱང་བྱས། སོས་ཀར་དུག་གི་ནད་རོས་འཚེ་བར་ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་གདན་དྲངས། ཚེ་དབང་སོགས་རྐྱེན་སེལ་གྱི་རིགས་དང༌། ཚོགས་ཆེན་གྱིས་གསུང་སྒྲོགས། བན་ཚང་རྣམས་ཀྱིས་བསྐང་བ། སྔགས་འཆང་བསམ་འགྲུབ་ཀྱིས་མདོས་