R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༥
[A:༣༣༥]ཡོད་པ་ལྟར། གཞོན་པས་དགེ་སློང་རིན་པོ་ཆེའི་སྐུ་ཞབས་དང༌། རྒན་པས་འདི་ཁར་དགེ་ཚུལ་བསྒྲུབས་ཤིང་རིམ་གྱིས་བསྙེན་རྫོགས་ཀྱང་བསྒྲུབས། ཞབས་དྲུང་རིན་པོ་ཆེ་ཡར་ཕེབ་དགོས་ཚུལ་ཞུ་བར་བང་ཆེན་གཉིས་རྫོང་བདའ་བྱས། དབྱར་སྨད་སྟོན་ཕེབ་པ་གནང་རྩིས་ཡིན་ཚུལ་གྱི་བང་ཆེན་འབྱོར། སྒོམ་ཁང་གི་དབྱར་མཇལ་སོགས་ལོ་དུས་ཀྱི་བྲེལ་བ་རིམ་སེལ་བྱས། གསང་སྦུག་ཚོང་དཔོན་གྱིས་ཙནྡན་གྱི་སྐུ་ཁ་ཤས་དང༌། གནས་བཅུ་གྲ་ཚང་གིས་ཞལ་ཐང༌། འབུམ་སོགས་བཞེངས་པའི་རབ་གནས་ལ་ཕྱིན། རབ་གནས་དང༌། དབང༌། རྗེས་གནང་སོགས་ཀྱིས་ཐུགས་བཞེད་ཁེངས་པར་བྱས། སྟོན་མོ་དང་སྟེར་ཆ་རྒྱས་པར་བྱུང༌། ཇ་པ་ངག་དབང་ཅན་ཕེབ་བསུར་རྫོང་བདར་བྱས་པར། འདམ་དུ་འགོར་ཆེ་བ་བྱུང་འདུག་གཤིས། ཁོང་དཔོན་སློབ་ཉུང་བསྡུས་སྒོམ་བདེར་ཕེབ་ཅིང༌། མཛོད་པ་སྒར་གཞིས་བྱིངས་བཅས་ཤར་རྒྱག་བྱོན་པ་དང་ལྕོག་རྩེ་ལར་འཕྲད་འདུག །མཛོད་པས་གནས་ཚུལ་སྐྱེལ་བར་སྔ་འགྲོས་རབ་བརྟན་ཅན་རྫོང་བདའ་བྱས་པར་འབྱོར། ཞག་ཁ་ཤས་རིང་མཛོ་གཡག་གི་ཁལ་མ་རྣམས་རིམ་གྱིས་སླེབས་ཤིང༌། ཁྱོན་སྔ་ཕྱི་བསྒྲིལ་བའི་ཁལ་མ་གསུམ་བརྒྱ་སྐོར་སྔོན་མ་འབྱོར་བའི་སྟེང་ཁལ་ཇ་སོགས་ཅི་རིགས་འདུག་པ་འདུ་ཁང་དུ་བཞག །རྒྱན་དྲུང་ཕེབ་བསུར་ཕེབ་པ་དང་མཛོད་པ་འདམ་ནས་མཇལ་ཞིང༌། དབོན་དཔོན་སློབ་འགོར་ཆེས་པས་མཛོད་པ་འཕྲད་འདོད་ཀྱི་སྔོན་མ་མགྱོགས་སྐོར་དུ་བྱོན་པ་དང་འཕྲད། ཉག་བྲེའི་འབུལ་སྐྱེལ་བ་གཉེར་པ་ཀླུ་མགོན་ཅན་འབྱོར་ཞིང༌། འབུལ་དཔོན་བླ་མའི་ཡིག་ནང་ལྟར་དངོས་པོ་རྣམས་རྩིས་སྤྲོད་བྱུང༌། ངེད་རང་གི་དབོན་ཆུང་བ་འོད་མཆོག་སྤྲུལ་སྐུའི་གཙུག་ཕུད་འབུལ་བའི་