R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༦
[A:༣༣༦]གཟའ་ཚེས་སྟབས་དཔོན་རིན་པོ་ཆེ་དཔོན་སློབ་རྣམས་མགྱོགས་ཙམ་ཨེ་ཕེབ་ཀྱི་ཆོས་སྐྱོང་ལ་དྲི་བ་ཞུས་པར། ཚེས་པ་ཉི་ཤུ་ཚུན་ལ་ཕེབ་གྲུབ་པའི་ཁག་ཁྱག་བྱེད་སོགས་ལུང་བསྟན་གནང༌། ཁོང་དཔོན་སློབ་རྣམས་འགོར་གཞི་ཆེ་བར་འོང་རྒྱུ་ཡིན་འདུག་ཀྱང༌། དཔལ་ལྡན་ལྷ་མོ་དང་ཆོས་སྐྱོང་གིས་བསྐུལ་བ་ལྟ་བུར། རྟ་གློ་བུར་དུ་འུར་བ་དང་ཚང་མ་བློ་ཤིན་ཏུ་འཚུབས་པ་བྱུང་འདུག་པས་ཁལ་རྣམས་རྗེས་སུ་བཞག །ཁོང་དཔོན་སློབ་རགས་བསྡུས་དྲེལ་ཁལ་བཅས་ཕེབ་པའི་བང་ཆེན་སྔ་འགྲོས་པ་འབྱོར་འཕྲལ། ཆོས་མཛད་ངག་དབང་གྲགས་པ་གཞིས་སུ་འཕྲོས་དང་ཕེབ་བསུར་དེ་འཕྲལ་བརྫོངས། ཕྱི་ཉིན་མཛོད་པའང་ཕེབ་གདོང་དུ་དར་ཡུལ་ལ་བྱོན། དབོན་དཔོན་སློབ་རྣམས་སྒོམ་ཁང་མདོར་བཞུགས་པར་གཞིས་ནས་དཔོན་སའང་ཕེབ་བསུར་བྱོན་ཏེ་གཞིས་ལེན་གཟབས་པ་མཛད་ཅིང༌། ཕེབ་བསུ་བ་རྣམས་དང༌། སྒོམ་ཁང་གྲྭ་རིགས་བཅས་མི་ཚོགས་ཆེ་བ་བྱུང་འདུག །ཚེས་བཅུ་དགུར་སྤྲུལ་སྐུ་རིན་པོ་ཆེ་རྒྱན་དྲུང་བཅས་ཀྱི་དབུས་ཆོས་སྡེ་ཆེན་པོའི་བླ་ཁག །ལས་ཚན། ཚ་བོ་ཆོས་མཛད་རྒན་པ། གསང་སྦུག་གི་ཚ་བོ་ཨ་བསམ་སོག་སེར་སྐྱ་མང་བ་གཞི་སྡིངས་བར་ཆིབས་བསུར་བཏང༌། བཀྲ་ཤིས་གླིང་དུ་ཐབ་བསུར་ཚ་མོ་ཆོས་མཛད་མ་སྤུན་ཀྱང་རྫོང་བདའ་བྱས། ཆོས་སྡེ་ནས་སེར་ཕྲེང༌། དར་འཕྱར་རྒྱས་པར་བྱས་ཤིང༌། དབང་ཁང་འཆི་མེད་ཕོ་བྲང་དུ་མཇལ་འཕྲད་བྱས། གཞིས་བྱེས་ཀྱི་གསུང་གླེང་རྒྱས་པར་བྱུང༌། སང་ཉིན་འདུས་ཚོགས་སུ་ཆོ་ག་སྟོང་རྩ་དང༌། མགོན་ཁང་སོ་སོར་བསྐང་གསོ། སྤྱན་གཟིགས་ཀྱི་རིགས་མང་བ། ཁྱད་པར་འདོད་ཁམས་དབང་ཕྱུག་རྡོ་རྗེ་རབ་བརྟན་མའི་སྒེར་བསྐང་རྒྱས་པ། སྤྱན་གཟིགས་བཅས་འབུལ་བཀོད་དང༌། ངེད་རང་ལ་རྟེན།