R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༧
[A:༣༣༧] མཆོད་ཆ། དཀར་ཡོལ་གྱི་རིགས། ཚོས་མདོག་སོགས་མི་གཅིག་པ་སྣ་ཚོགས། དཀར་ཡོལ་གྱི་མཆོད་རྫས་མང་བ། བཀྲ་ཤིས་པའི་ཁ་བཏགས་སྣ་ལྔ། གསེར། དངུལ། གཡུ། བྱེ་རུ། སྤོས་ཤེལ། ཤེལ་སྤྱད། ཤེལ་རིལ། གྲི། ཁྲབ། རྨོག །མདའ་གཞུ། སག་ཐག །མེ་མདའ། ཁྲོ་ཟངས་སྤྱད། ལྕགས་འགུ་སོགས་ལྕགས་ཆ་ཤིན་ཏུ་མང་བ། ཇ། གོས་ཆེན། དར་རས། སླེའུ། མར། ཕྱིང་པ་སོགས་བྱང་ཁམས་ཀྱི་དངོས་སྤྱད་ཤིན་ཏུ་མང་བ་དང༌། རྟ། དྲེའུ། མཛོ། གཡག །མཛོ་མོ། གུར་གཡབ། ཐབ་ཆས་ཀྱི་རིགས་སོགས་སྒར་གཞིས་ཀྱི་ཆ་ལག་ཅི་རིགས་པ་དང༌། རྟ་སྒ། དྲེལ་སྒ། བཀའ་གཅེགས། མཛོ་ཁལ་གྱི་སྒ་སྟན་སོགས་དངོས་པོའི་རིགས་ཇི་སྙེད་པ་ཞིག་རྩིས་སྤྲོད་ཀྱི་ཚུལ་དུ་བརྒྱ་འབུལ་མཛད་ཅིང༌། ངེད་རང་ཁུ་དབོན་གྱིས་གཙོས་གཞི་བྱེས་ཚང་མར་འཚེ་བ་མེད་པར་ཞལ་འཛོམས་པས་ལེགས་ཚོགས་ཀྱི་གསུང་གླེང་དང༌། མཛོད་པས་ཀྱང་ཁམས་ཕྱོགས་སུ་ཕེབ་རིང་གི་ལོ་རྒྱུས་ཁམས་པའི་གཏམ་རིང་མོ་ལྟ་བུ་ཡུན་རིང་ལ་དར་དྲག་པ་མཛད། ཆོས་སྡེ་ཆེན་པོའི་བླ་ཁག །ལས་ཚན། གཞིས་ཀྱི་ཞལ་ངོ༌། རིན་སྡིངས་བན་ཚང༌། ནང་སྐོར་དྲག་ཞན། ནང་བཟན། གཞིས་གཉེར། ཡོན་བདག་གལ་ཆེ་གྲས། དགོན་ལག་གི་བླ་མ་སོགས་ཚང་མར་སྐྱེས་མར་གནང་ལུགས་ཀྱི་གྲོས་དང་བཀོད་པ་བྱས་ཤིང༌། ལྟོས་བཅས་ཀྱང་ཡིད་ཚིམ་པར་མཛད་སོང༌། ཉིན་ལྔའི་རིང་སྟོང་རྩ་ཚུགས་པ་གྲོལ་ཉིན་ཐོག་མར་གཟིམས་ཁང་གོང་འོག །བཅོ་བརྒྱད་སོགས་ཀྱི་རྟེན་གསུམ་རྣམས་ལ་སྙན་དར། མཆོད་རྫས། དཀར་མེ་སོགས་མཆོད་འབུལ་དང༌། འདུས་ཚོགས་ལ་ཇ་འགྱེད། བླ་ཁག་སོ་སོར་བསྔོ་རྟེན་བཅས་ཚོགས་གསོག་གི་རིགས་རྒྱ་ཆེ་བར་མཛད་པའི་བཀོད་པ་