[A:༣༣༨]བྱས་ཤིང༌། མཛོད་པས་ཀྱང་ཉིན་གཅིག་ཚོགས་ཆེན་ལ་སྟོང་ཆོག་གི་ཞབས་ཏོག་རྒྱས་པ་དང༌། ཇ་འགྱེད། སོ་སོར་བསྔོ་རྟེན་བཅས་དགེ་རྩའང་བྱས་སོང༌། དབོན་དཔོན་སློབ་འགྲུལ་བསྡེབས་དང་བཅས་པར་གཞིས་ལེན་སྟོན་མོ་གཟབས་རྒྱས་ཐོག །དཔོན་རིན་པོ་ཆེར་ན་བཟའ་ཆ་ཚང༌། མཛོད་པ་སོགས་ཞབས་ཕྱི་རྣམས་ལ་སྟེར་ཆ། གོས་རྒྱུགས་ཀྱི་རིགས་གང་ལ་གང་འཚམས་སྤྲད། ཆོས་སྐྱོང་དཔོན་བློན་སྤྱན་འདྲེན་ཐོག་སྙན་དར། སྤྱན་གཟིགས། ཇ་སོགས་ཀྱི་གཏང་རག་ཕུལ། ཁོང་དཔོན་སློབ་རྣམས་བྱེས་རེས་འདིར་ཐུགས་གྲྭ་ཤིན་ཏུ་འགྲིགས་པ་བྱུང་འདུག་པ་ནི་གཙོ་ཆེར་ཞབས་དྲུང་དབོན་རིན་པོ་ཆེ་ཉིད་སྐུ་ན་ཕྲའང་གཞན་དང་མི་འདྲ་བའི་ལུགས་གཉིས་ལ་མཁྱེན་པ་ཡངས་ཤིང་ཁྱོན་ཆེ་བ་སོགས་ཚང་མའི་ཡིད་ཡུལ་དུ་གསལ་བ་ལྟར་དང༌། མཛོད་པ་ཆུང་འདྲིས་ཀྱི་ཟླ་བོ་མྱོང་བྱང་ཆེ་ཞིང༌། ཚ་བོ་ཆོས་མཛད། བླ་མ་བསམ་འཕེལ། དགེ་སློང་གྲགས་པ། མགྲོན་གཉེར་རབ་འཕེལ། གསོལ་དཔོན་རྒྱ་མཚོ་སོགས་དྲག་གྲས་རྣམས་དང༌། འཚོ་མཛད་དོན་གྲུབ་བཅས་ཚང་མས་ཐུགས་བསམ་ཆེ་ཞིང་ལས་ཁ་འགངས་ཆེ་བ་གང་གི་སར་ཡང་ཐེགས་པ་ཁུར་བླངས། ཕྱར་བ་ཟུར་འདེགས་ཀྱི་ཞེ་རུས་ཆེ་ཞིང་གྲོས་བསྡུར་མཛད་འདུག་པས། དབོན་རིན་པོ་ཆེའི་ཞབས་ཕྱིར་འགྱུར་བ། གྲྭ་འགྲིགས་པ། མིག་ལྟོས་ལ་ཕན་པ་ཞིག་བྱུང་འདུག །དྲུང་འཚོ་བ་དོན་གྲུབ་ཞབས་ཕྱིར་འབྲལ་མེད་སྐུ་ལ་བཅར་གཤིས་དྲག་ཞན་ཐམས་ཅད་ལ་ཕན་ཐོགས་ཆེ་ཞིང༌། སྐབས་འགར་དབོན་རིན་པོ་ཆེ་སྐུ་ཁམས་ཕྲན་བུ་ལྟེམ་སྐབས་དང་ལེའུ་ཐང་དུ་ཅུང་ཞིག་བསྙེལ་ཙམ་བྱུང་འདུག་སྐབས་སོགས་ལ་གསོལ་སྨན་དང་སྐུའི་འཕྲོད་བསྟེན་གྱི་ཞབས་ཕྱིར་ཤིན་ཏུ་འགྱུར་བར་མཛད་འདུག །ཁམས་ནས་ཕེབ་པ་དང༌།