[A:༣༣༩] ངེད་རང་རྒྱུན་མཇལ་ཞུ་དགོས་དང༌། སྤྲུལ་སྐུའི་གཙུག་ཕུད་འབུལ་བ་དང་བཅས་ངེད་སྐུ་དབོན་ལྷན་དུ་ཕོ་བྲང་ཆེན་པོར་གོང་ས་ཆེན་པོ་ཡས་ཕྱིན་མཇལ་ཁ་ཞུ་བར་ཕྱིན་པར། ས་དབང་ཆེན་པོའི་མཇལ་ཁ་བཀའ་དྲིན་བསྐྱངས་ཤིང༌། ངེད་རང་ནས་རྒྱུན་གྱི་མཇལ་ཕྱག་གི་འབུལ་བ། དབོན་རིན་པོ་ཆེ་ཁམས་ནས་ཕེབ་པའི་ཕྱག་འབུལ་རྟེན། དབོན་ཆུང་བ་སྤྲུལ་སྐུས་མཇལ་ཁ་ཞུ་རྟེན་རྣམས་སོ་སོ་ནས་དཔངས་མཐོ་བར་ཕུལ་ཞིང༌། བཀའ་འདྲི་རྒྱས་པ་དང་བདག་རྐྱེན་ཆེ་བ་བཀའ་དྲིན་བསྐྱངས། གོང་ས་ཆེན་པོའི་མཇལ་རྟེན་རྣམས་གཟིམས་ཆུང་འགག་ཏུ་ཕུལ་ཞིང་གསོལ་དཔོན་སྔགས་རམས་པ་ལགས་བརྒྱུད་བསླབ་སྟོན་རྒྱས་པར་གནང༌། མགྲོན་ཁང་དུ་སྟོན་མོ་སོགས་བཀའ་དྲིན་བསྐྱངས། ཕྱི་ཉིན་འབྲས་སྤུངས་བློ་གསལ་གླིང་པའི་རིགས་གྲྭའི་སྐུ་མགྲོན་གྱི་ཞབས་ཕྱིར་བསླབ་སྟོན་ལྟར་དབོན་དང་ངེད་གཉིས་ཀྱིས་ཕྱིན་ཞིང༌། སྟོན་མོ་རྒྱས་པར་སྩལ། ཉེར་གཉིས་གཟའ་ཚེས་རྒྱལ་ཕུར་འཛོམས་པའི་ཐོག་དགེ་སློང་རིན་པོ་ཆེ་བརྒྱུད་སྤྲུལ་པའི་སྐུའི་གཙུག་ཕུད་ཕུལ་བར། ཐར་པའི་མཁན་པོའི་སྟབས་རེ་ཞིག་རབ་བྱུང་རང་འགབ་ཚུལ་དང༌། སླར་བརྒྱུད་འཛིན་མ་བྱུང་ན་བལྟས་ཆོག་བསླབ་སྟོན་ཕེབ་པ་ལྟར་གོང་ས་ཆེན་པོ་ནས་མིང་བཀའ་དྲིན་བསྐྱངས། དགེ་སློང་རིན་པོ་ཆེའི་སྐུ་ཞབས་སུ་བར་མ་རབ་བྱུང་ཞུས། ར་མ་རྩེ་རྒྱལ་བུར་སྐུ་ཞབས་སུ་མཇལ་ཁ་ཞུ་བར་དབོན་རྫོང་བདའ་བྱས་ཤིང་དེར་བརྟེན་ཕ་བོང་ཁར་དྲུག་བརྒྱ་སྒྲུབ་ཆེན་མཇལ་བཀོད་ཀྱང་ཞུས། མཆོད་དཔོན་ལགས། དགེ་སློང་རིན་པོ་ཆེ། དགེ་སློང་ངག་དབང་དཀོན་མཆོག །ཨེམ་ཆི་ལགས། གསོལ་དཔོན་སྔགས་རམས་པ། དྲུང་ཡིག་ལགས། གཟིམས་དཔོན་ལགས། མགྲོན་གཉེར་