[A:༡༣༣]ནས་སེམས་ཅན་དུ་མ་སྡུག་བསྔལ་གྱིས་གཟེར་བ་རྨིས་པས་གཉིད་སད་པ་ན་འཇིགས་ཤིང༌། ཞག་བཅུ་སྐོར་གྱི་རིང་ཡིད་མི་བདེ་བས་མཆི་མ་འཁྲུགས་པ་དང་ངེས་འབྱུང་གི་སྣང་བ་སྐྱེས། རྒྱུ་དབང་སྐབས་སུ་འཇའ་ལིའི་སྟེང་དུ་གོང་མ་ཉིད་དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་དུ་མཐོང་བས་དགའ་བདེ་དང་དད་གུས་ཀྱི་སྤུ་ལོང་གཡོས་ཤིང༌། དེ་ནས་བཟུང་བླ་མ་འདི་རྫོགས་པའི་སངས་རྒྱས་དངོས་ཡིན་སྙམ་པ་ལས་ཁུ་བོ་དང་མི་ཕལ་པའི་སྣང་བ་སྐད་ཅིག་ཀྱང་མི་འཆར། ལམ་ཟབ་གནང་སྐབས་དཔལ་ལྡན་བླ་མ་དམ་པ་དེ་ཉིད་རྗེ་བཙུན་ས་སྐྱ་པ་ཆེན་པོའི་སྐུའི་རྣམ་པ་བཞུགས་པ་ཆོས་ཐུན་དེ་མ་རྫོགས་བར་མཐོང་ཞིང༌། འདི་དག་གི་སྐབས་ནམ་མཁའ་ལ་འཇའ་དང༌། སུམ་རྩེན་པ་རྣམས་ཀྱིས་མེ་ཏོག་གི་ཆར་ཡང་ཡང་འབེབས་པར་འདུག །ངེད་སྐུ་མཆེད་དང༌། ར་བ་སྨད་སློབ་དཔོན་པ་སོགས་ཁ་ཤས་ཀྱིས་གསོལ་བ་བཏབ་པའི་ངོར་ལམ་ཟབ་དང༌། བིར་སྲུང་ནང་མ། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། སྒྲུབ་པ་ལུང་སྦྱིན། བརྡ་ཆིག་བརྒྱུད། ལམ་སྦས་བཤད། བརྡ་དོན་གསལ་བ། རྣམ་འཇོམས་བིར་ལུགས། མགོན་རྐྱང་གི་རྗེས་གནང་སོགས་ཐུན་མོང་མ་ཡིན་པ་རྣམས་དང༌། པོད་ནག་མའི་ལུང་བཅས་གནང༌། དཔལ་ལྡན་ས་སྐྱ་པའི་ཆོས་སྲུང་ཀུན་གྱི་གཙོ་བོ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་ལྔ་མ་དང༌། བརྒྱད་མ། བཅུ་གཉིས་མ་རྣམས་ཀྱི་དབང་དང༌། ཕྱི་ནང་གི་ཁྲིད། མེ་འབར་མ་དང་སྙན་བརྒྱུད་པུ་སྟིའི་ལུང༌། ཕོ་རྐྱང༌། མོ་རྐྱང༌། སྦགས་སྒྲུབ་རྣམས་ཀྱི་